བོད་པའི་ཞེན་ཁོག་དེ་ཡོད་དགོས་པ་ཞིག་རེད་ཅེས་གསུངས་འདུག
ཟླ་འདིའི་ཚེས་༢༠ ཉིན་ཡུ་རོབ་ས་ཁུལ་གྱི་ཨོ་སི་ཊི་ལི་ཡར་གནས་སྡོད་བོད་མི་ཚོར་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། བོད་པའི་འདུ་ཤེས་མ་བརླག་པར་བསྡད་ཡོད་སྐོར་གསུང་དོན། “བོད་མི་ཚོ་ས་ཆ་གང་དུ་ཡོད་ནའང་ཚང་མས་བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརླག་པར། སྤྱི་དོན་གྱི་སེམས་ཤུགས་ཁུར་ནས་བསྡད་ཡོད་པ་དེ་དཔེ་ཡག་པོ་འདུག
གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་ང་ཚོས་དོན་གྱི་བདག་པོ་ཡིན་ཟེར་གྱི་ཡོད་པ་རེད། གཞིས་ལུས་རྒྱ་ཆེའི་མི་མང་ལ་མི་རབས་ནས་མི་རབས་བོད་བསྟན་སྲིད་ཆེད་ལྷག་བསམ་དང་ཞེན་ཁོག་ཧ་ལས་པ་བསྡད་འདུག ལྷག་པར་དུ་གཞོན་སྐྱེས་ཚོར་སེམས་ཤུགས་ཆེ་བ་ཡོད་པ་ལྟ་བུ་འདུག གཞོན་སྐྱེས་ཚོས་ཞེད་སྣང་ཞེ་དྲག་བྱེད་ཀྱི་མི་འདུག་བོད་ནས་ཡོང་མཁན་ཚོས་ཟེར་གྱི་འདུག”ཅེས་གཞིས་ལུས་མི་མང་ལ་བསྔགས་བརྗོད་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་བོད་མིའི་ཆིག་སྒྲིལ་སྐོར་གསུང་དོན། “ངས་རྩེད་མོ་དང་སྦྲགས་ནས་བོད་པའི་སེམས་ཤུགས་དེ་རྒྱ་མི་གུང་ཁྲན་གྱི་བཀའ་དྲིན་རེད་ཟེར་གྱི་ཡོད། བོད་པར་བརྣབ་སེམས་གནོད་སེམས་བྱས་ཏེ་རྒྱ་མི་གུང་ཁྲན་གྱིས་ཁ་མཁས་པོ་བཤད། དོན་དག་དེ་རྡུང་རྡེག་ཚ་ནན་བཏང་དུས་རང་བཞིན་གྱིས་སེམས་ཤུགས་སྐྱེ་ཡི་རེད། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོར་ཉིན་རེ་བཞིན་རྡུང་རྡེག་གཏོང་མཁན་མེད་པས། མཚམས་རེར་ལྷོད་གཡེང་འདྲ་བྱས། བོད་ནང་དུ་སེམས་ཤུགས་ཆེན་པོ་འདུག བོད་ཆོལ་ཁ་གསུམ་ཡོངས་ཀྱིི་ཆིག་སྒྲིལ་གྱི་ནུས་པ་དེ་ཡང་རྒྱ་གུང་ཁྲན་གྱི་བཀའ་དྲིན་ལྟ་བུ་རེད། སྔོན་མ་མདོ་སྟོད་སྨད་དང་དབུས་གཙང་ཟེར་དུས་ཆོས་ཕྱོགས་ནས་འདྲེས་བསྡད་ཡོད་པ་ལས། ཆབ་སྲིད་ཐོག་ནས་དོ་སྣང་དེ་ཙམ་ཡོད་པ་མ་རེད། ད་དུང་མདོ་སྟོད་སྨད་ས་ཁུལ་ནས་མང་པོ་ཞིག་གིས་ང་ཚོ་རྒྱ་སྡེ་ཡིན་བསམ་པ་ལས། བོད་གཅིག་གྱུར་གྱི་འདུ་ཤེས་ཞེ་དྲག་ཡོད་པ་མ་རེད་”ཅེས་བོད་མི་ཚོར་ཆིག་སྒྲིལ་དགོས་སྐོར་གསུངས་ཡོད་པ་རེད།
༧གོང་ས་མཆོག་གིས་མི་རིགས་ཞེན་ཁོག་གི་སྐོར་གསུང་དོན། “མི་རིགས་ཀྱི་ཞེན་ཁོག་ཅིག་ཡོད་པ་རེད་ལ། ཞེན་ཁོག་དེ་བྱེད་དགོས་པ་ཞིག་རེད་འདུག ང་ཚོ་བོད་མི་རིགས་སོ་སོར་སྐད་ཡིག་ཟུར་དུ་ཡོད་པ་རེད། འཛམ་གླིང་འདིའི་ཐོག་ནང་པའི་ཆོས་དེ་མི་འདྲ་བ་ཞིག་ཡོད་པ་གནས་ཚུལ་ཤེས་མཁན་མང་པོས་མཐོང་གི་ཡོད་པ་རེད། དམིགས་བསལ་ཆོས་ལ་དོ་སྣང་མེད་མཁན་ཚན་རིག་པ་དེ་འདྲའི་ནང་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་ནང་དུ། སེམས་ཀྱི་རྣམ་གཞག་དང་སེམས་ཀྱི་སྦྱོང་བརྡར་སྐོར་ཟབ་པོ་ཞིག་ཡོད་པ་མཐོང་དུས་དགའ་བོ་བྱེད་ཀྱི་འདུག ཆོས་ལུགས་གཞན་དག་ལ་ཕལ་ཆེར་དེ་འདྲ་ཡོད་པ་མ་རེད། ང་ཚོའི་སྐད་ཡིག་ནང་དུ་སངས་རྒྱས་པའི་ཆོས་དེ་ཟབ་ཤོས་དང་རྒྱས་ཤོས་དེ་ཡོད་པ་རེད་ཅེས་ལབ་ཆོག་གི་རེད། ངས་ནམ་རྒྱུན་སྤོབས་པ་བྱས་ཏེ་བོད་ཀྱི་སངས་རྒྱས་པའི་ཆོས་དང་། དེ་དང་འབྲེལ་བའི་རིག་གཞུང་དེ་འཛམ་གླིང་འདིའི་ཐོག་ཕལ་ཆར་གཅེས་ནོར་རེད་ཅེས་བཤད་ཀྱི་ཡོད། དེ་ངས་རྨོངས་ཞེན་བྱས་ན་བཤད་པ་མ་རེད་”ཅེས་ཁོང་གིས་ལོ་ལྔ་བཅུ་རིང་འཛམ་གླིང་འདིའི་ཐོག་མི་མང་པོར་ཐུག ཚན་རིགས་པ་མང་པོར་ཐུག ཆོས་དང་རིག་གཞུང་གི་སྐོར་སྐད་ཆ་བཤད་ནས་བྱུང་བ་ཞིག་ཡིན་སྐོར་གསུངས་སོང་།
བོད་ཀྱི་སྐད་ཡིག་རྒྱུན་འཛིན་དགོས་སྐོར་གསུང་དོན། “རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དེ་གནས་བསྡད་ན་ཁ་བྲལ་རྒྱུའི་ཉེན་ཁ་འདུག་བསམས་ནས། རིམ་པས་སྐད་ཡིག་དེ་བེད་སྤྱོད་མེད་པ་བཟོ་ཡི་ཡོད་པ་རེད། དེར་ང་ཚོས་སྐད་རྒྱག་གི་ཡོད་པ་རེད། ང་ཚོས་སྐད་འབོད་བྱས་ཏེ་སྐྱོན་བརྗོད་བྱེད་དུས། སྔོན་ལ་ང་རང་ཚོས་སྐད་ཡིག་ལ་བདག་པོ་མ་བརྒྱབ་ན་ག་འདྲ་ཆགས་ཡོང་”ཞེས་བོད་མི་ཚང་མས་བོད་ཡིག་སྦྱོང་དགོས་སྐོར་གསུངས་ཡོད་པ་རེད།
བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་ལངས་ཕྱོགས་སྐོར་གསུང་དོན། “ང་ཚོའི་ད་ལྟའི་གནས་སྟངས་ལ་རྒྱ་གར་དང་། ཨ་རིའི་ཕོ་བྲང་དཀར་པོ། ཡུ་རོབ་གྲོས་ཚོགས་སོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ང་ཚོས་རང་བཙན་ཟེར་ནས་སོང་ན་དེ་ཚོས་རྒྱབ་སྐྱོར་བྱེད་མིན་ཐེ་ཚོམ་རེད། སྒེར་པ་རེ་ཟུང་གིས་རྒྱབ་སྐྱོར་བྱེད་ཀྱི་རེད། རྩ་བའི་གཞུང་གི་སྒྲིག་འཛུགས་ཤིག་གིས་རྒྱབ་སྐྱོར་བྱེད་རྒྱུ་ཞེ་དྲག་ཁག་པོ་རེད། རྒྱབ་སྐྱོར་མེད་ན་བོད་མི་གཅིག་པུས་དཀའ་ངལ་སེལ་ཐབས་ཁག་པོ་རེད་”ཅེས་རང་བཙན་རྩོད་རྒྱུ་ཐོབ་ཐང་ཡིན་ཡང་། གནས་བབས་ཀྱི་ཆ་ནས་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་རག་ཐབས་དགོས་སྐོར་གསུངས་ཡོད་པ་རེད།།