ལི་ཐང་གི་སྒྱུ་རྩལ་བ་ཨ་དྷ་ལ་ཁྲིམས་ཆད།

ཕྱི་ཟླ་༤ ཚེས་༢༩ ཉིན་ཁམས་ལི་ཐང་གི་སྒྱུ་རྩལ་བ་ཨ་དྷ་ལ་རྒྱ་གཞུང་གིས་མཚོན་ཆ་ལྐོག་ཉར་བྱས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་༢ པའི་ཚེས་༢༧ ཉིན་མདོ་ཁམས་ལི་ཐང་གི་སྒྱུ་རྩལ་བ་ལི་ཐང་རྫོང་ཐོག་གི་ཚོང་ཁང་དུ་བསྡད་ཡོད་པའི་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་གློ་བུར་དུ་ཁོང་གི་ནང་སྔོག་བཤེར་བྱས་ནས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་།   སྐབས་དེ་ནས་བཟུང་ཁོང་གི་ནང་མི་གཉེན་ཉེ་ཚོའི་ཁོང་ས་ཆ་གང་དུ་ཁྲིད་ཡོད་མེད་ཙམ་ཡང་ཤེས་རྟོགས་བྱུང་མེད་པ་མ་ཟད།  ཁོང་གི་ནང་མི་གཉེན་ཉེ་སོགས་ཀྱིས་རྫོང་ཉེན་རྟོག་པར་སྐད་ཆ་དྲིས་སྐབས་ཁོང་འཛིན་བཟུང་བྱེད་མཁན་ལི་ཐང་རྫོང་ཉེན་རྟོག་པ་མ་ཡིན་པར་རྒྱ་ནག་དབུས་གཞུང་གི་མཐོ་རིམ་ཉེན་རྟོག་པ་ཆབ་སྲིད་ཀྱི་སྐོར་ལ་ལས་དོན་བྱེད་མཁན་ཚོ་རེད་ཟེར་བ་ཙམ་ལས་ལན་འདེབས་གང་ཡང་བྱས་མེད་པ་རེད། 
ཡིན་ན་ཡང་ཕྱི་ཟླ་༤ བའི་ཚེས་༢༩ ཉིན་སྒྱུ་རྩལ་བ་ཨ་དྷ་ལགས་སུ་ལི་ཐང་ས་གནས་རྫོང་སྲིད་གཞུང་གི་ཁྲིམས་ཁང་ནང་ནས་དངོས་སུ་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་ཁོང་འཛིན་བཟུང་བཙོན་འཇུག་བྱས་པ་ནས་བཟུང་མེ་མདའ་སོགས་མཚོན་ཆ་ལྐོག་ཉར་བྱས་ཡོད་པའི་ཉེས་མིང་འོག་གཅར་རྡུང་ཚད་མེད་བཏང་བར་བརྟེན། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་རེད།   ཁོང་ལ་མཚོན་ཆ་ལྐོག་ཉར་བྱས་ཡོད་པའི་ཉེས་མེད་ཉེས་འཛུགས་ཀྱི་ཡིག་ཆའི་ཐོག་མཛུབ་ཐེལ་བཀོད་དུ་བཅུག་ཡོད་པ་མ་ཟད། མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ཀྱང་བཅད་ཡོད་འདུག

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་འགྲེལ་བརྗོད་གནང་དོན། དོན་དངོས་ཐོག་སྒྱུ་རྩལ་བ་ཨ་དྷས་མེ་མདའ་ཕར་ཞོགས་མདེའུ་རྐང་གཅིག་ཀྱང་ཉར་ཚགས་བྱེད་མྱོང་མེད་དང་། ཁོང་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་ཡིན་པ་དང་།   མང་ཚོགས་ཁྲོད་དུས་རྒྱུན་ཁ་ཤག་སོགས་བཤད་སྐབས་དགོད་བྲོ་བའི་གཏམ་གླེང་བྱེད་མཁན་ཞིག་ཡིན་པ་ལས།  མཚོན་ཆ་ལྐོག་ཉར་སོགས་ཀྱི་ལས་ཀ་རྩ་བ་ནས་བྱེད་མཁན་ཞིག་མིན་ན་ཡང་རྒྱ་གཞུང་གིས་མ་ཉེས་ཁ་ཡོག་བྱས་ཏེ་བཙོན་འཇུག་ཁྲིམས་ཐག་ལོ་གསུམ་རིང་བཅད་ཟིན་པ་རེད། ཁོང་གི་ནང་མི་དང་གཉེན་ཉེ་སོགས་ཀྱི་དེ་ལ་བློ་ཕམ་ཧ་ཅང་བྱེད་བཞིན་ཡོད་པ་རེད་ལ།  ཁོང་ལ་ཁྲིམས་ཐག་བཅད་རྗེས་ནང་མི་ཚོ་ཐུག་འཕྲད་ཐེངས་གཅིག་བྱེད་དུ་བཅུག་ཡོད་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།

སྒྱུ་རྩལ་བ་ཨ་དྷ་ལགས་ནི་ཕ་ཡུལ་ཁམས་ལི་ཐང་ནས་ཡིན་པ་དང་ད་ལྟ་དགུང་ལོ་༣༣ ཡིན་འདུག ཁོང་གི་དུས་རྒྱུན་ཁ་ཤག་གི་ལམ་ནས་གཏམ་གླེང་འཁྲབ་སྟོན་བྱེད་ཀྱི་ཡོད་པ་མ་ཟད།  ཉེ་ཆར་ཁོང་གིས་བོད་མི་ཚོར་སྙིང་གཏམ་བཤད་པའི་བརྙན་འཁོར་ཞིག་ཀྱང་བརྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་བྱས་ཡོད་འདུག །
མོན་གྷོ་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།