གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོ་རྒོལ་ལས་འགུལ།
རྒྱ་བོད་བར་གྲོས་མཐུན་དོན་ཚན་༡༧ ཞེས་པ་བཞག་ནས་ལོ་༦༡ འཁོར་བའི་ཉིན་གྲོས་མཐུན་དེར་ངོ་ལེན་མེད་པའི་གསལ་བསྒྲགས་བྱས་པ་དང་། ཉིན་དེར་ལྷག་དཀར་སྲུང་བརྩི་དང་འབྲེལ་བོད་ཆས་གཙང་མ་གྱོན་པའི་བོད་མི་ཁག་ཅིག་ལ་བྱ་དགའ་ཧིན་སྒོར་༡༠༠༠ རེ་སྤྲད་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་ཐོག དྷ་སའི་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག མེག་གྷན་རླངས་འཁོར་འབབ་ཚུགས་སུ་ལྷག་དཀར་སྲུང་བརྩི་དང་འབྲེལ། ཕྱི་ཟླ་༥ པའི་ཚེས་༢༣ གྱི་ཉིན་མོ་འདི་ནི་རྒྱ་དམར་དྲག་པོའི་གཞུང་གིས་བོད་དང་། རྒྱ་ནག་བར་བཙན་དབང་གིས་གྲོས་མཐུན་དོན་ཚན་༡༧ ཞེས་པའི་ཐོག་མིང་རྟགས་བརྒྱབ་པའི་ཉིན་མོར་ཁེལ་ཡོད་པ་དང་བསྟུན་ཏེ། ལས་འགུལ་བ་ཚང་མས་བོད་ཆས་གྱོན་དེ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་ཞིབ་བྱས་ཡོད་པ་རེད།
ཉིན་དེར་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “དེ་རིང་གི་ཉིན་འདི་ནི་བོད་དང་རྒྱ་ནག་དམར་པོའི་སྲིད་གཞུང་བར་ཆེས་མཐའ་མའི་གྲོས་མཐུན་དོན་ཚན་༡༧ ཡིག་ཐོག་ཏུ་བཀོད་པའི་ཉིན་མོར་ཁེལ་ཡོད་པ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་ཤེད་ཀྱིས་མཚོ་བོད་མཐོ་སྒང་ན་ཞི་བདེ་བག་འཕེལ་གྱིས་གནའ་ནས་འཚོ་ཞིང་གནས་པའི་བོད་མི་རིགས་ཀྱི་སྣོད་བཅུད་གཉིས་ཀ་ལ་དབང་བསྒྱུར་བྱེད་པར་མིག་རྟགས་བརྒྱབས་པའི་མུན་ནག་གི་ཉིན་མོ་ཞིག་དང་། གཉའ་གནོན་དང་བཙན་དབང་། འཕྲོག་བཅོམ་དང་དམར་གསོད། བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་འབུམ་༢ ལྷག་འདས་གྲོངས་སུ་བཏང་བར་དབུ་འཁྱུད་བྲིས་པའི་ཉིན་མོ་ཞིག་ཀྱང་ཡིན་”ཞེས་དང་།
ཡང་གསལ་བསྒྲགས་དེར་མུ་མཐུད་འཁོད་དོན། “མི་ལོ་༦༡ སོང་བའི་དེ་རིང་རྒྱ་ནག་དམར་པོའི་གཞུང་གིས་ཧམ་བཤད་དང་རྫུན་སྒྲིག་བྱས་ཏེ། མི་ལོ་༢༠༠༠ ལྷག་གི་རང་བཙན་གྱི་ལོ་རྒྱུས་ཡོད་པའིོ་རྒྱལ་ཁབ་འདི། རྒྱ་ནག་དམར་པོའི་གཞུང་གི་མངའ་ཁུངས་དང་བཙན་དབང་འཇིགས་སྐུལ་འོག་འཇོག་འདོད་ཀྱིས། བོད་རྒྱ་གཉིས་བར་གྲོས་མཐུན་པར་མིག་བཙུམ་ནས་འཁྱོག་བརྗོད་བྱས་པ་འདི་ནི་དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་བློ་ཡུལ་ལ་ཤོང་དཀའ་བའི་གནས་སུ་གྱུར་ཡོད་”ཅེས་འཁོད་འདུག
ཡང་ལྷག་དཀར་སྲུང་བརྩིའི་ལས་འགུལ་ཞིག་ཀྱང་བྱས་ཏེ་བོད་ཆས་གཙང་མ་གྱོན་པའི་བུ་དང་བུ་མོའི་སྐུ་ཚབ་ཁག་ཅིག་བདམས་ནས་བྱ་དགའ་ཧིན་སྒོར་༡༠༠༠་རེ་སྤྲད་སོང་།
ཐེངས་འདིིའི་ལྷག་དཀར་སྲུང་བརྩིའི་སྐབས་བུད་མེད་ཀྱི་ནང་ནས་བོད་ཆས་གཙང་མ་གྱོན་པའི་བྱ་དགའ་ཐོབ་ས་དེ་རང་ལོ་༦༦ ཡིན་པའི་ཨ་མ་ཟླ་བ་དཀར་མོ་དང་། བུའི་ནང་ནས་བོད་ཀྱི་གནའ་དེང་གྱོན་ཆས་ཁང་གི་འགན་འཛིན་ཕུར་བུ་ཚེ་རིང་དང་། གཞས་པ་རྟ་མགྲིན། བཀྲ་ཤིས་ཚེ་དབང་གསུམ་རེད་འདུག །