འདི་ལོར་ས་རཱ་མཐོ་སློབ་མཐར་ཕྱིན་པ་ཁག་ཅིག་ལ་བཅར་འདྲི།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་ལོ་ལྟར་མཐོ་རིམ་རིག་གནས་འཛིན་གྲྭ་རེ་མཐར་ཕྱིན་གྱི་ཡོད་པ་ལྟར། ལོ་འདིར་སློབ་མཐར་ཕྱིན་པའི་སྐབས་༡༡ པའི་རིག་གནས་འཛིན་གྲྭའི་སློབ་ཟུར་ཁག་ཅིག་ལ། མ་འོངས་པའི་དམིགས་ཡུལ་དང་འབྲེལ་བའི་སྐོར་ལ་ཟླ་འདིའི་ཚེས་༡༣ ཉིན་བཅར་འདྲི་བྱས་ཡོད།
བསྟན་འཛིན་བཀྲ་ཤིས་ལ་ཁྱེད་རང་ས་རྭ་མཐོ་སློབ་ནས་མཐར་ཕྱིན་ཚར་བས། ད་ལྟ་ག་རེ་བྱེད་རྩིས་ཡོད་མེད་སྐོར་དྲིས་པར། ཁོང་གིས། “སྤྱིར་བཏང་སློབ་སྦྱོང་བྱེད་མཁན་ནམ་སློབ་སྦྱོང་ལ་དབྱིངས་ཡོད་མཁན་ཞིག་ཡིན་ན། དམའ་འབྲིང་མཐོ་གསུམ་གྱི་སློབ་གྲྭ་ག་གེ་མོ་ཞིག་མཐར་ཕྱིན་ནས་ལས་ཀ་བྱེད་འགོ་བརྩམས་ཀྱང་། ལས་བྲེལ་ཆེ་མིན་ལ་མ་ལྟོས་པར་ཞོར་དུ་སོ་སོའི་སློབ་སྦྱོང་གི་ནུས་པ་མཐོར་འདེགས་གཏོང་གི་རེད་བསམ་གྱི་འདུག དེ་ལྟ་བུའི་མི་དེས་སློབ་སྦྱོང་ལ་ཆོག་ཤེས་བྱས་ཏེ་འདུག་གྱི་རེད་བསམ་གྱི་མེད། བདག་ལྟ་བུ་ལ་ཆ་མཚོན་ན། རྒྱ་གར་དུ་སླེབས་ནས་ད་ལྟའི་བར་དུ་རང་གཞུང་དང་འབྲེལ་ཡོད་ཀྱི་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཐོབ་སྟེ། ད་ཆ་མཐོ་སློབ་ཅིག་མཐར་ཕྱིན་པ་ཡིན་སྟབས། སྤྱི་ཚོགས་ཀྱི་ལས་ཚན་གང་རུང་ཞིག་ཏུ་འཛུལ་ཞུགས་བྱས་ནས་སྲི་ཞུ་བསྒྲུབ་དགོས་པ་རང་ལ་འཁྲི་བའི་ལྡོག་མེད་ཀྱི་འགན་འཁྲི་ཞིག་ཏུ་མཐོང་གི་ཡོད་ན་ཡང་། ད་ལྟ་ངའི་སློབ་སྦྱོང་གི་གནས་ཚད་དེས་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་སྲི་ཞུ་བསྒྲུབ་རྒྱུ་ལྟ་ཞོག ལས་ཚན་བྱེ་བྲག་པ་ཞིག་ལའང་ཕན་ཐོགས་ངེས་རེད་སྙམ་པའི་གདེང་ཚོད་གང་ཡང་མེད་སྟབས། རང་གི་འཚོ་གནས་ཙམ་པོ་བ་ཞིག་གི་ཆེད་དུ་སྤྱི་ཚོགས་སམ་ལས་ཚན་གང་དེའི་ལས་དོན་ལ་འཐུས་ཤོར་གཏོང་འདོད་རྩ་བ་ནས་མི་འདུག དེར་བརྟེན། ད་ལྟའི་བར་དུ་རང་གིས་གང་སྦྱངས་ཡོད་པ་དེར་ཁ་གསབ་ཀྱི་ཚུལ་དུ་ད་དུང་མུ་མཐུད་ལོ་ཤས་རིང་ལ་སློབ་སྦྱོང་བྱས་ཏེ། རང་རེའི་མི་རིགས་ཀྱི་གཉན་འཕྲང་གི་དུས་ཚིགས་འདིར་རང་ནུས་ཅི་ལྕོགས་ཀྱིས། སྲི་ཞུ་བསྒྲུབ་དགོས་བསམ་པའི་དམིགས་ཡུལ་དང་ཆོད་སེམས་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།
སྨིན་སྣང་མཛེས་ལ་ཁྱེད་རང་མཐོ་སློབ་ཐོན་ཚར་བས། སློབ་གྲྭའི་སྐབས་ཀྱི་སྤྱི་ཚོགས་ནང་མཐོང་ཚུལ་དང་། སློབ་གྲྭ་ནས་ཐོན་རྗེས་ཀྱི་སྤྱི་ཚོགས་མཐོང་སྣང་གཉིས་ལ་ཁྱད་པར་འདུག་གམ་ཞེས་དྲིས་པར། ཁོང་གིས། “སྤྱིར་བཏང་དེ་གཉིས་ལ་ཁྱད་པར་ཆེན་པོ་འདུག ནམ་རྒྱུན་ང་རང་མཐོ་སློབ་ཀྱི་སྐབས་སུ་གུང་གསེང་ལ་སྤྱི་ཚོགས་སུ་ཞུགས་ཀྱི་ཡོད་ཀྱང། སྐབས་དེ་དུས་ངས་རང་ཉིད་སྤྱི་ཚོགས་སུ་དངོས་སུ་སླེབས་སོང་སྙམ་པའི་ཚོར་བ་ཞིག་སླེབས་མྱོང་མེད་ལ། དེ་བཞིན་དུ་རང་ཉིད་དང་སྤྱི་ཚོགས་ཀྱི་བར་ཐག་ཅུང་རིང་བ་མཐོང་གི་ཡོད། དེ་ནི་ཕྱོགས་གཅིག་ནས་བཤད་ན་རང་ཉིད་སློབ་གྲྭར་གནས་པའི་སློབ་མ་ཞིག་ཡིན་སྙམ་པའི་ཚོར་སྣང་དེའི་ཤུགས་རྐྱེན་རེད་སྙམ། ཡིན་ནའང་། དེ་རིང་ནི་ཁོ་མོ་མཐོ་སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་སུ་སླེབས་ནས་ཉིིན་བཅུ་གཉིས་སོང་བའི་ཉིན་མོ་རེད། ཉིན་འདི་དག་གི་རིང་ལ་སྔོན་ཆད་གུང་གསེང་ལས་འགོངས་པའི་ཚོར་སྣང་དྲག་པོ་སྐྱེས་སོང་བ་མ་ཟད། སྤྱི་ཚོགས་སྟེང་གི་ཅ་དངོས་དང་མི་རྒན་གཞོན་ཚང་མར་དོ་སྣང་བྱེད་དགོས་པའི་ཚོར་སྣང་ཁྱད་པར་བ་ཞིག་སྐྱེས་སོང་ལ། ད་ནི་རང་ཉིད་དངོས་སུ་སྤྱི་ཚོགས་སུ་སླེབས་སོང་བའི་ཚོར་སྣང་ཞིག་ཀྱང་འགོག་མེད་དུ་སྐྱེས་སོང། ང་རང་ལ་མཚོན་ན་སྤྱི་ཚོགས་ཀྱི་ལས་ཀ་དངོས་སུ་འགོ་བཙུགས་མེད་ཀྱང་། ད་ནི་སྤྱི་ཚོགས་དང་རང་ཉིད་དུས་གཏན་དུ་འབྲལ་བ་མེད་པ་ཞིག་ཡིན་པའི་ངེས་ཤེས་དྲག་པོ་ཞིག་ཀྱང་སྐྱེས་སོང་།
བཀྲ་ཤིས་དཔལ་སྒྲོན་ལ་ཁྱེད་རང་ཐོག་མར་གཞི་རིམ་སློབ་གྲྭ་ཁག་ནས་སློབ་མཐར་ཕྱིན་རྗེས། ས་རཱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ཏེ་སློབ་སྦྱོང་གི་ཁོར་ཡུག་བརྗེས་ཡོད་པ་དེས། ཁྱེད་རང་གི་མི་ཚེ་དང་སློབ་སྦྱོང་གཉིས་ཀྱི་ཁ་ཕྱོགས་ལ་འགྱུར་བ་བཟང་ཞན་གང་མཚམས་ཤིག་ཐེབས་སོང་ངམ་ཞེས་དྲིས་པར།
ཁོང་གིས། སྤྱིར་བཏང་ང་རང་གཞི་རིམ་སློབ་གྲྭར་ཡོད་པའི་སྐབས་སུ་ངོ་ཚ་ཆོག་ཆོག་ཅིག་ཡོད་པས། མི་གཞན་ལ་འགྲོགས་བདེ་པོ་ཞིག་མིན་པ་མ་ཟད་གཡས་གཡོན་གྱི་ལས་ཀ་ཙག་ཙིག་ལ་དོ་སྣང་གཏན་ནས་བྱེད་ཀྱི་མེད། ཡིན་ན་ཡང་ས་རཱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས་པ་ནས་བཟུང་། རྒྱུ་རྐྱེན་གང་ཡིན་ངས་ཀྱང་གསལ་པོ་ཞིག་མ་ཤེས་ཀྱང། གང་ལྟར་སྔོན་དང་མི་འདྲ་བར་སྤྱི་ཚོགས་འགན་ཁུར་གྱི་བསམ་བློ་གང་ཞིག་འཁོར་ཏེ། ཚོགས་ཆུང་འདྲ་མིན་གྱི་ནང་ཞུགས་ཏེ་ཕན་གང་ཐོགས་ཀྱིས་ལས་ཀ་བྱས་ཁུལ་དང་། གོ་རིམ་དེ་འདྲ་ཞིག་གི་ཐད་ནས་ངའི་མི་ཚེ་ནང་སྤྱི་ཚོགས་འགན་ཁུར་གྱི་ས་བོན་ཐོག་མར་སླེབས་སོང་ལ། དུས་དེ་ནས་བཟུང་ངས་རང་ཉིད་གང་དུ་ཡོད་སའི་སྤྱི་ཚོགས་ལ་འགན་ཁུར་དགོས་པའི་གདེང་ཚོད་ཀྱང་མི་ཉུང་བ་ཞིག་རྙེད་བྱུང། རྩ་བའི་ང་རང་མཐོ་སློབ་འདིར་ཞུགས་ནས་སློབ་སྦྱོང་གི་གྲུབ་འབྲས་མི་དམན་པ་ཞིག་རག་སོང་། ལྷག་པར་དུ་བོད་མི་རིགས་ཀྱི་ལོ་རྒྱུས་ལ་སྦྱང་པ་བྱས་པའི་ཐད་ནས། ངས་ང་ཚོ་ན་གཞོན་ཚོས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་བདེ་དོན་ཆེད་འགན་ཁུར་དགོས་པའི་སློབ་གསོ་ཡང་མི་དམན་པ་ཞིག་རག་སོང་”ཞེས་བརྗོད་སོང་།
བྱམས་པ་རྒྱལ་མཚན་ལ་སློབ་ཐོན་པ་ཚོའི་ངོས་ནས་ཡིན་ན་ལས་ཀ་རག་གི་མི་འདུག་ཅེས་བཤད་རྐྱང་བྱས་པ་ལས། སོ་སོའི་སློབ་སྦྱོང་གི་ཤེས་ཚད་ཀྱིས་འདང་མིན་ལ་དེ་ཙམ་གྱིས་བསམ་བློ་གཏོང་གི་མེད་པ་དང་། ལས་བྱེད་དགོས་སའི་ཚོགས་པ་ཁག་མང་པོ་ཞིག་གིས། སློབ་ཐོན་པ་ཚོས་རིག་ཚན་བྱེ་བྲག་པ་གཅིག་གི་སྒང་ལ་ལས་ཀ་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་བཤད་ཀྱི་ཡོད་པ་དེར་བསམ་ཚུལ་ཡོད་དམ་ཞེས་དྲིས་པར།
ཁོང་གིས། གཙོ་བོ་ལས་ཀ་ཅི་ཞིག་བྱ་དགོས་ནའང་དེ་ལ་སྤྲོ་བ་ཡོད་ན། རིག་ཚན་བྱེ་བྲག་པ་དེའི་སྒང་ལ་གོ་རྟོགས་དེ་ཙམ་མེད་ཀྱང་། རིམ་པས་ལས་ཀ་དེ་སྤུས་དག་ཅིག་བྱ་ཐུབ་པར་འདོད་ལ། སློབ་ཐོན་པ་རྣམས་ལ་མཚོན་ནའང་ལས་ཀ་རག་གི་མི་འདུག་ཅེས་བཤད་བསྡད་པ་ལས་རང་ཉིད་ལས་ཀ་གང་ལ་སྤྲོ་བ་ཡོད་ན་དེའི་སྐོར་གྱི་གོ་རྟོགས་མཐོ་རུ་གཏོང་རྒྱུ་སྐབས་བབ་ཀྱི་འགན་འཁྲི་ཆགས་ཡོད་པར་འདོད། ང་ལ་མཚོན་ནའང་ལས་ཀ་གང་ཞིག་ལ་འཛུལ་ཞུགས་བྱས་རྗེས། གཙོ་བོ་ལས་ཀ་དེར་ནུས་པ་ཐོན་པ་ཞིག་བྱ་ཐུབ་ན་བསམ་གྱི་ཡོད། དེ་ཙམ་ཞིག་མ་གཏོགས་གཞན་པའི་བསམ་ཚུལ་མེད་ཅེས་བརྗོད་སོང།
བསྟན་འཛིན་ཟླ་སྒྲོན་ལ་རྩ་བའི་གཞི་རིམ་འཛིན་གྲྭ་ཐོན་མཚམས་རིག་ཚན་བྱེ་བྲག་པ་སྦྱང་སའི་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ཞིག་ཡོད་ན་ཡང་། ཁྱེད་རང་དམིགས་བསལ་གྱིས་ས་རཱ་མཐོ་སློབ་ཏུ་འཛུལ་ཞུགས་བྱ་དགོས་དོན་གང་རེད་ཅེས་དྲིས་པར། ཁོང་གིས། “དྲང་པོར་ཞུས་ན་གུས་མོས་རང་ཉིད་ལ་ཚད་དང་ལྡན་པའི་ཤེས་ཡོན་ཞིག་ཐོབ་རྗེས། རང་གཞུང་ལ་ནུས་པ་ཐོན་པའི་ཞབས་འདེགས་བསྒྲུབ་རྒྱུ་དེ་གུས་མོའི་རྩ་བའི་དམིགས་ཡུལ་ཡིན། དེའི་ཕྱིར་འཛིན་རིམ་བཅུ་གཉིས་ཐོན་རྗེས་གུས་མོ་རྒྱ་གར་གྱི་མཐོ་སློབ་དྲག་ཤོས་ཤིག་ཏུ་ཞུགས་རྒྱུའི་འདུན་པ་བཅངས་པ་ཡིན། འོན་ཀྱང་གཟུགས་པོར་ན་ཚ་ཕོག་པ་དང་གཞན་ཡང་རྒྱུ་རྐྱེན་དུ་མ་ཞིག་གི་རྐྱེན་གྱིས། གུས་མོའི་སློབ་ཐོན་གྱི་རྒྱུགས་འབྲས་རྒྱ་ཆ་༨༠%བརྒལ་ཙམ་ལས་མེད་པས་རེ་བ་ཆེན་པོ་དེ་དེ་ལྟར་འཇོག་དགོས་བྱུང་སོང། དེར་བརྟེན། ང་རང་ཉིད་ཀྱིས་མཐོ་སློབ་ཚད་ལྡན་ཞིག་ལ་སློབ་སྦྱོང་དུ་འགྲོ་ཆེད་ཀྱི་སློབ་ཡོན་རག་ཐུབ་མ་སོང་བས། མཐོ་སློབ་སྤྱིར་བཏང་བ་ཞིག་ཏུ་འཛུལ་ཞུགས་བྱས་ཚེ། གུས་མོར་ནུས་པ་ཐོན་པའི་ཤེས་ཡོན་ཐོབ་རྒྱུ་ལྟ་ཞོག། དུས་ཚོད་ཆུད་ཟོས་སུ་འགྲོ་རྒྱུའི་ཉེན་ཁ་མཐོང་སོང། དེར་བརྟེན་རང་ཉིད་ཀྱི་རྩ་བའི་དམིགས་ཡུལ་དེ་བསྒྲུབ་ཐུབ་པའི་ལམ་གཞན་ཞིག་ཡོད་པ་ནི། ས་རཱ་མཐོ་སློབ་ཏུ་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་ནང་ཆོས་སོགས་རིག་གནས་དག་ལ་སློབ་གཉེར་བྱེད་ཞོར་དུ། དགོས་མཁོ་ཆེ་བའི་སློབ་ཚན་དག་༼DU༽ལྡི་ལི་མཐོ་སློབ་ནས་ཡིག་འབྲེལ་ལམ་ནས་སྦྱང་རྒྱུ་དེ་རེད། ངས་ས་རཱ་མཐོ་སློབ་མཐར་ཕྱིན་པ་དེ་དམིགས་ཡུལ་བཞིན་བྱུང་སོང་བསམ་གྱི་འདུག་”ཅེས་བརྗོད་སོང།།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༦ ཕྱི་ལོ་ ༢༠༡༢/༥/༡༦ པ་ལས་བཤུས།