༧གོང་ས་མཆོག་དང་ཨོ་སི་ཊེ་རི་ཡའི་སྲིད་བློན་མཇལ་འཕྲད།
༧གོང་ས་མཆོག་ཨོ་སི་ཊི་རི་ཡ་རུ་ཕེབས་པ་དང་སྟབས་བསྟུན། ཡུལ་དེའི་སྲིད་བློན་ལྦར་ནར་ཕེ་མེན་རྣམ་གཉིས་ཟླ་འདིའི་ཚེས་༢༦ ཉིན་མཇལ་འཕྲད་གནང་ཡོད་པ་དང་། རྒྱ་ནག་གིས་དེར་སྐྱོན་བརྗོད་བྱས་ཡོད་ནའང་། སྲིད་བློན་གྱིས་མི་སུ་ལ་མཇལ་འཕྲད་བྱེད་མིན་དེ་ཁོང་གི་རང་དབང་ཡིན་སྐོར་གསུངས་འདུག
རྒྱ་ནག་གཞུང་གིས་ཨོ་སི་ཊི་རི་ཡའི་གཞུང་ལ་ཡུལ་དེའི་སྲིད་བློན་ནས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་ཚེ། ཡུལ་གྲུ་གཉིས་དབར་གྱི་འབྲེལ་བར་དོ་ཕོགས་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད་ཀྱང༌། ཨོ་སི་ཊི་རི་ཡའི་སྲིད་བློན་གྱིས། “ངས་སུ་ཞིག་དང་མཇལ་འཕྲད་ཞུ་མིན་ང་རང་རང་ཉིད་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད། ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་ཐག་གཅོད་བྱས་པ་ཡིན་”ཞེས་ གསུངས་ཡོད་པ་རེད།
ད་དུང་ཁོང་གིས་“ཨོ་སི་ཊི་རི་ཡའི་རྒྱལ་ཁབ་འདི་དུས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ཕྱོགས་སུ་ལངས་མཁན་ཞིག་ཡིན་པ་བསྟན་ཡོད་ལ། ངས་ལས་དོན་གང་ཞིག་གཉེར་ཡང་དེའི་འགན་འཁུར་ཡོངས་རྫོགས་ང་རང་གཅིག་པུས་ཁུར་གྱི་ཡོད་”ཅེས་གསལ་བཤད་གནང་འདུག།
ཡང་ཨོ་སི་ཊི་རི་ཡའི་སྲིད་བློན་གྱིས་“ཁོང་སྐུ་སྒེར་གྱི་ཐོག་ནས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ཁྱད་དུ་འཕགས་པའི་མཚོན་དོན་གྱི་མི་སྣ་མཇལ་འདོད་ཧ་ལས་པའི་ཆེན་པོ་ཡོད་”ཅེས་གསུངས་པ་དང་སྦྲགས། དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་འདིས་འགྲོ་བ་མིའི་ཐོབ་ཐང་དང་འཚེ་མེད་ཞི་བ། གྲོས་མོལ་ལ་རྒྱབ་སྐྱོར་དང་དྲག་གནོན་སྡུག་རྩུབ་ལ་ངོ་རྒོལ་མཚོན་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག།
ཡང་གཟའ་པ་སངས་ཉིན་༧གོང་ས་མཆོག་ནས་ཨོ་སི་ཊི་རི་ཡའི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ཅོག་མའེ་ཀལ་སིཔིན་ཌེ་ལེ་གར་དང་ཡང་མཇལ་འཕྲད་གནང་ཞིང༌། ༧གོང་ས་ མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་ངོས་ནས་མུ་འཐུད་བོད་ཀྱི་དཀའ་རྙོག་དེ་བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་ཞིག་གི་ཐོག་ནས་སེལ་རྒྱུའི་སྲིད་བྱུས་རྒྱུན་ཁྱོངས་གནང་བཞིན་ཡོད་པ་གསར་འགོད་པ་ཚོར་བཀའ་ལན་གནང་ཡོད་པ་རེད༎