སུ་ཇཱ་བོད་ཁྱིམ་སློབ་མའི་བོད་དོན་ལས་འགུལ།
“བོད་ནང་གི་སློབ་མ་ཚོ་དང་བཙན་བྱོལ་ནང་གི་སློབ་མ་ཚོའི་དམིགས་ཡུལ་དང་རེ་བ་གཅིག་པ་ཡིན་”ཞེས་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚོས་བོད་ནང་གི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་གྱི་འདུག
དེ་ཡང་སློབ་མའི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན། ཟླ་འདིའི་ཕྱི་ཚེས་༣༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༧ པའི་སྟེང་། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚོས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁག་གི་སྒོ་འགྲམ་དུ། བོད་ནང་དུ་རང་ལུས་མེར་བསྲེག་གི་ལས་འགུལ་མུ་མཐུད་དུ་ཡོང་གི་ཡོད་པར་བརྟེན། རྒྱ་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་ངོ་རྒོལ་ཆེད། ཟས་བཅད་ངོ་རྒོལ་དང་རི་མོ་འགྲེམས་སྟོན་སོགས་ཀྱི་ལས་འགུལ་ཉིན་གསུམ་སྤེལ་གྱི་ཡོད་པ་དང་། ལས་འགུལ་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་གྲུབ་རྗེས། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་རྡུང་རྡེག་དང་གཉའ་གནོན་བྱེད་སྟངས་མཚོན་ཆེད་ཀྱི་གཏམ་བརྗོད་ཞིག་ཀྱང་འཁྲབ་སོང་།
ཐེངས་འདིའི་སློབ་མའི་ལས་འགུལ་བ་བུ་ཚང་མས་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་སྐྲ་བྲེག་ཡོད་པ་དང་། བུ་མོ་ཚང་མས་ངོ་རྒོལ་ཆེད་དཔུང་རྟགས་ནག་པོ་རེ་བཏགས་ཏེ། ཉིན་དང་པོར་ཟས་བཅད་ངོ་རྒོལ་བྱས་འདུག་ལ། ལས་འགུལ་འདིའི་ནང་སློབ་མ་༡༦༠ ཙམ་མཉམ་ཞུགས་བྱས་འདུག ཉིན་གཉིས་པར་བོད་ནང་གི་ཛ་དྲག་གི་གནས་སྟངས་མཚོན་པའི་རི་མོ་འགྲེམས་སྟོན། ཉིན་གསུམ་པར་མར་མེ་ཁྲོམ་སྐོར་དང་རྒྱལ་བའི་ཞབས་བརྟན་གསོག་རྒྱུ་རེད་འདུག
ད་དུང་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚོས་ལས་འགུལ་འདི་དང་འབྲེལ་བའི་<<སློབ་མའི་རང་རྟོགས་ལས་འགུལ་>>ཞེས་པའི་ཚགས་ཤོག་ཞིག་ཀྱང་བཏོན་ཡོད་པ་དང་། ཚགས་ཤོག་དེའི་ནང་དུ“་མི་རིགས་འདིའི་བདག་པོ་སུ་རེད་”དང་། “ང་ཚོའི་སེམས་པ་ཁྱེད་ཚོད་དང་མཉམ་དུ་ཡོད”། “འབར་ན་མཉམ་དུ་འབར་དགོས”། “མིག་ཆུ་དང་མཉམ་དུ་ཁྱེད་ཚོར་མྱ་ངན་ཞུ་”སོགས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་ཆེད་ཀྱི་རྩོམ་ཡིག་འདྲ་མིན་ཞིག་ཡོད་པ་རེད།
ལས་འགུལ་གོ་སྒྲིག་པའི་སྐུ་ཚབ་ཚེ་དབང་རྒྱ་མཚོས་བརྗོད་དོན། “བོད་ཀྱི་རྩ་དོན་ཆེད་རང་ལུས་མེ་རུ་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་དང་། ང་ཚོ་རང་ཉིད་སློབ་ཕྲུག་ཡིན་པའི་ཆ་ནས་བོད་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་བོད་ནང་གི་དགེ་རྒན་དང་། སློབ་མ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཡིན། བོད་ནང་གི་སློབ་མ་ཚོ་དང་བཙན་བྱོལ་ནང་གི་སློབ་མ་ཚོའི་དམིགས་ཡུལ་དང་རེ་བ་གཅིག་པ་ཡིན་ཞེས་”བརྗོད་སོང་།
ཡང་ཁོང་གིས་མུ་མཐུད་དུ་བརྗོད་དོན། “རྒྱ་གཞུང་གི་ཁྲིམས་འོག་ཏུ་ཡོད་པའི་བོད་མི་རྣམས་གང་མགྱོགས་གློད་གྲོལ་གཏོང་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་ཀྱི་དོན་དངོས་གནས་ཚུལ་རྟོགས་ཞིབ་ཆེད། རིང་མིན་དམིགས་བསལ་འབྲེལ་མཐུད་པ་བོད་ནང་མངགས་དགོས་པ་མ་ཟད། བོད་ནང་དུ་གསར་འགོད་པ་འགྲོ་བསྐྱོད་ཆོག་ཆེད་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དགོས་པ་བཅས་ཀྱི་ཆེད་ཡིན། མི་ཚང་མར་འཛམ་གླིང་གི་ཡང་རྩེ་ཞེས་གྲགས་པའི་བོད་ཡུལ་འདི་སའི་གོ་ལའི་ཐོག་བཙུགས་པའི་དམག་དཔུང་གི་རྟེན་གཞི་ཆེ་ཤོས་སུ་བསྒྱུར་ཚར་བ་ཤེས་རྟོགས་ཡོང་ཆེད་ཡིན་”ཞེས་བརྗོད་སོང་།
ཐེངས་འདིའི་སློབ་མའི་ལས་འགུལ་བ་ཁག་ཅིག་ལ་ཁྱེད་རང་ལས་འགུལ་འདིར་མཉམ་ཞུགས་བྱས་དགོས་དོན་གང་ཡིན་ཞེས་དྲིས་པར། སློབ་མ་བསྟན་འཛིན་ཚེ་རིང་གིས། “མཐོ་སྒང་བོད་དེ་ད་ལྟའི་ཆར་བཙོན་ཁང་ཆེན་པོ་ཞིག་དང་གཅིག་པ་རེད། ང་རང་བོད་ནས་སླེབས་པ་ཡིན་དུས་དེའི་གནས་སྟངས་ཚང་མ་ཤེས་ཀྱི་ཡོད། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་ཞུགས་འབུལ་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པ་མ་ཟད། ན་ཚོད་ཀྱང་མང་ཆེ་བ་ང་ཚོ་དང་གཅིག་པ་རེད། ཁོང་ཚོའི་མི་རིགས་ཀྱི་བདེ་སྡུག་ཆེད་རང་སྲོག་བློས་གཏོང་ཐུབ་ཀྱི་ཡོད་ན། ང་ཚོ་ཁྲ་ཁྲ་ཟང་ཟིང་ལ་འགོ་མ་འཁོར་བར་སོ་སོའི་མགོའི་སྐྲ་བྲེག་ནས། བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་རང་སྲོག་བློས་བཏང་བའི་འདས་པོ་ཚོར་བཀའ་དྲིན་རྗེས་དྲན་དང་། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་ལས་འགུལ་འདིར་ཞུགས་པ་ཡིན་”ཞེས་བརྗོད་སོང་།
སློབ་མ་དབང་མོས། “བོད་ནང་དུ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་ལུས་མེར་བསྲེག་གཏོང་མཁན་གྱི་ཁ་གྲངས་ཉི་མ་ནས་ཉི་མར་མང་དུ་འགྲོ་ཡི་ཡོད་པ་རེད། དེར་བརྟེན། སོ་སོ་བོད་རིགས་སློབ་མ་ཞིག་ཡིན་པའི་ཆ་ནས་འབྲི་ཀློག་གཅིག་པུ་མ་ཡིན་པར། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་ལས་དོན་ཆུང་ཚག་རེ་ཡིན་ན་ཡང་བསྒྲུབ་ཐུབ་ན་བསམ་ཏེ་ལས་འགུལ་འདིར་མཉམ་ཞུགས་བྱས་པ་ཡིན་”ཞེས་བརྗོད་སོང་།
སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚོས་འདི་ལོའི་སྤྱི་ཟླ་༤ པའི་ནང་ཡང་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ། སློབ་གྲྭའི་བུ་ཚང་མས་སྐྲ་བྲེག་སྟེ་རྒྱ་གཞུང་གིས་བོད་ཐོག་བཟུང་བའི་མ་རུང་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད། །