སྐྱབས་རྗེ་གླིང་རིན་པོ་ཆེས་ཚེ་དབང་གནང་བ།
ཟླ་འདིའི་ཚེས་༡ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སྒྲོལ་མ་འབུལ་སྒྲོགས་མཇུག་གྲུབ་པའི་ཉིན་མོར། སྐྱབས་རྗེ་གླིང་རིན་པོ་ཆེ་གདན་ཞུས་ཀྱིས་མི་མིང་ཆིག་སྟོང་བརྒལ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཞིག་གནང་ཡོད་པ་རེད།
དེ་ཡང་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་མཉམ་འབྲེལ་གྱིས་ཟླ་སྔོན་མའི་ཚེས་ ༢༥ ཉིན་ནས་བོད་བསྟན་སྲིད་རང་དབང་སླར་གསོ་དང་། ༧རྒྱལ་བའི་སྐུ་ཚེའི་ཞབས་རིམ་ཆེད་སྒྲོམ་མ་འབུམ་ཐེར་གསོག་སྒྲུབ་ཞུས་པའི་མཇུག་བསྡུས་ཉིན་མོ་སྟེ། ཟླ་འདིའི་ཚེས་༡ སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ཆེད་དུ་གདན་འདྲེན་ཞུས་ནས། སྦེལ་ཀོབ་མི་མང་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་ཡོད་པ་རེད།
སྐབས་དེར་གླིང་རིན་པོ་ཆེ་ཐོག་མར་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཆོས་དང་བཀའ་དབང་གང་དང་གང་ཞུས་པ་ཡིན་ནའང་། དང་པོ་དབང་ཞུ་བ་པོ་གང་ཟག་རང་གི་རྒྱུད་རྣམ་པར་དག་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དད་ལྡན་སློབ་མའི་རྒྱུད་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བཞིག་དགོས་པའི་བཀའ་སློབ་གནང་བ་དང་། ཚེ་དབང་གནང་གྲུབ་རྗེས་ང་ཚོ་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པར་བསམ་བློ་ཞིབ་མོར་བཏང་ན་མཚན་མོར་གཉིད་ཀྱང་ཁུག་མི་ཐུབ་པ་ལྟ་བུ་རེད། ལྷག་པར་ཉེ་བའི་ཆར་ནས་བོད་མི་མང་པོ་ཞིག་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་བདག་གིར་བཞེས་ནས་བོད་བསྟན་སྲིད་རང་དབང་གི་ཆེད་དུ་སྐུ་ལས་བསྐྱོན་གྱི་ཡོད་པ་རེད། དེ་ཚོའི་ཆེད་དུ་དམིགས་ནས་ང་ཚོས་གསོལ་བ་སྨོན་ལམ་བྱེད་དགོས་པ་རེད་ཅེས་དང་། གཞན་ཡང་ང་ཚོར་ཆབ་སྲིད་དང་། དཔལ་འབྱོར། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་གང་དང་གང་འཕྲད་པ་ཡིན་ན་ཡར་སྐྱིད་སྡུག་ཞུ་ས་དང་། རྙོག་དྲ་བཤད་ས་ཡོད་པ་འདི་ང་ཚོར་སྒྲིག་འཛུག་ཡོད་པས་རེད། སྒྲིག་འཛུག་ཟེར་བ་གལ་ཆེན་པོ་རེད། དེ་འདྲ་ཡིན་པས་ང་ཚོ་ཚང་མས་བོད་མིའི་སྒྲིག་འཛུག་ལ་བརྩི་བཀུར་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུང་ཡོད་པ་རེད།
རིན་པོ་ཆེས་མུ་མཐུད་དུ་ན་གཞོན་རྣམས་ལ་གསུང་དོན། བོད་ཀྱི་ན་གཞོན་ཕོ་མོ་ཚོར་མ་འོངས་བོད་ཀྱི་སོན་རྩ་རེད་ཟེར་གྱི་ཡོད་པ་རེད། དེ་ནི་འགན་ཆེན་པོ་ཞིག་དང་། དེ་ལ་དཔག་པའི་ན་གཞོན་ཚོས་སློབ་སྦྱོང་བྱེད་རྒྱུ་དང་། སློབ་སྦྱོང་བྱས་ནས་སྤྱི་བའི་ལས་དོན་ཐོག་ཞབས་ཆུ་ཞུ་ཐུབ་པ་བྱེད་དགོས་སྐོར་དང་། གཞོན་ལྷན་ཚོགས་པ་དང་བུད་མེད་ལྷན་ཚོགས་གཉིས་ནི་བཙན་བྱོལ་ནང་ཚོགས་པ་ཆེ་ཤོས་ཡིན་པས། གཞུང་མང་ལ་ཕན་ཐོགས་པའི་ལས་དོན་བྱེད་སྐོར་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད། །
མེ་སོར་གསར་འགོད་པས།