གྲྭ་པས་ཚན་རིག་སྦྱོང་སྐབས་ནང་ཆོས་ལ་འཐུས་ཤོར་མེད་པ་དགོས།

2012-6-1-serjeeཟླ་འདིའི་ཚེས་ ༡ ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭའི་ནང་། ཚན་རིག་འཛིན་གྲྭ་གསར་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ཚན་སློབ་གཉེར་བྱེད་སྐབས་ནང་ཆོས་སློབ་གཉེར་ལ་འཐུས་ཤོར་མེད་པ་དགོས་སྐོར་གསུངས་སོང་།

མཛད་སྒོ་སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དང་། སེར་བྱེས་མཁན་རིན་པོ་བློ་བཟང་བདེ་ལེགས་དང་། སེར་སྨད་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན། ལུགས་བསམ་ས་གནས་འགོ་འཛིན་ཚེ་དབང་དངོས་གྲུབ་སོགས་ཕེབས་ཡོད་པ་རེད།

2012-6-1-lobssang-tenzin-shangtse-chojeeགཞན་ཡང་སེར་བྱེས་ཚན་རིག་འཛིན་གྲྭའི་དགེ་འདུན་པ་བརྒྱ་སྐོར་ཙམ་འདུག་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་མཆོག་གིས་ནང་པའི་བཤད་གྲྭ་ཁག་ཏུ་ཚན་རིག་ཀྱི་སློབ་ཚན་བཙུག་དགོས་པའི་རྒྱུ་མཚན་ནི་༧སྐྱབས་མགོན་རིན་པོ་ཆེས་འཛམ་གླིང་གི་ཚན་རིག་མཁས་པ་མང་པོ་དང་བགྲོ་གླེང་མང་པོ་གནང་ནས། བརྟག་དཔྱད་མང་པོ་བཏང་། དགོས་པ་རྒྱུ་མཚན་མང་པོར་གཟིགས་པའི་དགོངས་བཞེད་ཡིན་སྐོར་དང་འབྲེལ། ཚན་རིག་ལ་སྦྱང་བའི་དགེ་འདུན་པ་ཚོས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་ཐུགས་ལ་བཞག་ནས་བསམ་པ་རྣམ་པར་དག་པའི་སྒོ་ནས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཚན་རིག་གི་སློབ་ཚན་གསར་པར་ཡིན་པར་བརྟེན་དེ་ལ་དོ་སྣང་མང་བ་དང་། ནང་ཆོས་ཀྱི་བསླབ་པ་སློབ་གཉེར་འཐུས་ཤོར་ཕྱིན་ན་དཀའ་ངལ་ཡོད་སྐོར་ཀྱི་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།

2012-6-1-lobsang-gelek-serjeeགཞན་ཡང་སེར་བྱེས་མཁན་རིན་པོ་མཆོག་གིས་སེར་བྱེས་གྲྭ་ཚང་གི་ཚན་རིག་འཛིན་གྲྭའི་བཙུགས་པའི་བརྒྱུད་ངོ་སྤྲོད་བྱེད་སྐབས། གྲྭ་ཚང་གི་ངོས་ནས་སྔོན་མ་ནས་ཐུགས་བསམ་མང་པོ་བཏང་ནས། སེ་ར་སྣ་ཆེན་ཚོགས་འདུ་དང་དེ་མིན་བགྲོ་གླེང་མང་པོ་བྱས་པ་བརྒྱུད། ད་ཐེངས་འཛིན་གྲྭ་གསར་འཛུགས་བྱས་པ་ཞིག་ཡིན་པར་བརྟེན། མ་འོངས་པར་ནང་དོན་རིག་པ་དང་ཚན་རིག་གཉིས་ཀྱི་ཐོག་ལ་སྦྱང་བ་བྱེད་རྒྱུ་དང་། ལྷག་པར་ཆོས་ཀྱི་བསླབ་པ་སློབ་གཉེར་འཐུས་ཤོར་མེད་པ་བྱེད་རྒྱུ་གལ་ཆེན་དོན་ཆེན་ཡིན་སྐོར་གྱི་གསུང་བཤད་གནང་སོང་།

2012-6-1-ngawang-jorden-sermeyདེ་ནས་སེར་སྨད་མཁན་རིན་པོ་ཆེས། ཐོག་མར་གདན་ས་ཁག་ལ་ཚན་རིག་འཛིན་གྲྭ་འཛུགས་རྒྱུར་ཞེད་སྣང་དང་དགའ་མོས་མེད་པ་ནས། རིམ་བཞིན་ཕྱོགས་མང་པོར་རྟོག་ཞིབ་བྱས་པས་གྲུབ་འབྲས་ཐོན་པ་མང་པོ་དངོས་སུ་མཐོང་བ་དང་། ད་ལྟ་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཚན་རིག་འཛིན་གྲྭའི་བཙུགས་ནས་ནང་ཆོས་ལ་སློབ་གཉེར་བརྒྱ་ཆ་དགུ་བཅུ་དང་ཚན་རིག་ལ་བརྒྱ་ཆ་བཅུ་བྱས་ནས་འགྲོ་ཐུབ་ན་དགེ་ཕན་ཡོད་པར་མཐོང་བ་དང་། མ་འོངས་པར་དགེ་འདུན་པ་ཚོས་ནང་ཆོས་གཙོ་བོ་བྱས་ནས་ཚན་རིག་ལ་སློབ་སྦྱོང་བྱེད་དགོས་སྐོར་གསུང་སོང་།

དེ་ནས་ས་གནས་འགོ་འཛིན་གྱིས་གྲྭ་ཚང་ཁག་ཏུ་ཚན་རིག་འཛིན་གྲྭ་འཛུགས་རྒྱུ་ནི་༧གོང་ས་མཆོག་གི་བཀའ་དགོངས་ཡིན་སྐོར་དང་། ང་ཚོས་གོང་ས་མཆོག་གི་བཀའ་དགོངས་གང་ཡོད་པ་དེ་འཕྲལ་མར་དུས་ཐོག་ཏུ་བསྒྲུབ་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུང་ཡོད་པ་རེད།

2012-6-1-serjee

༧གོང་ས་མཆོག་གིས་དུས་རབས་དང་མཐུན་པའི་ནང་པ་ཞིག་གི་ཡོང་ཐབས་ལ་ཕྱོགས་ཡོངས་ཀྱི་དགོངས་པ་རྒྱ་ཆེར་བཞེས་པ་དང་། ལྷག་པར་ཚན་རིག་གི་དཀའ་བའི་གནད་མང་པོ་ཞིག་ལ་ནང་དོན་རིག་པས་འགྲེལ་བཤད་བྱེད་པར་ཕན་ཐོགས་ཡོད་པ་དང་། ཚན་རིག་དང་ནང་ཆོས་ཟུང་འབྲེལ་གྱི་སློབ་སྦྱོང་བྱ་བའི་དགོངས་གཞི་བཞིན་གདན་ས་ཁག་ཏུ་ཚན་རིག་འཛིན་གྲྭ་གསར་འཛུག་བྱེད་བཞིན་ཡོད་ནའང་། གདན་ས་ཁག་གི་འགན་ཡོད་མི་སྣ་མང་པོ་ཞིག་གིས་གདན་སའི་སློབ་གཉེར་བ་རྣམས་ལ་འཛིན་གྲྭ་དང་སློབ་ཚན་གཞུང་ཆེན་མང་པོ་ཡོད་པར་བརྟེན། ཚན་རིག་ལ་སྦྱང་བ་བྱེད་རྒྱུ་ནི་དགོན་པ་གྲྭ་ཚང་གི་སློབ་གཉེར་བ་དགེ་འདུན་པ་ཚོར་འཚམ་པོ་ཡོད་མེད་དང་། དེ་ལ་གྲུབ་འབྲས་ཚད་ལྡན་ཞིག་ཀྱང་ཡོང་མིན་ལ་ཐེ་ཚོམ་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག ད་དུང་དགོན་པའི་ཚན་རིག་འཛིན་གྲྭར་ཚན་རིག་གི་སློབ་ཚན་དམིགས་བསལ་མེད་པ་དང་།  ལྷག་པར་དགེ་ལུགས་རྒྱུགས་སྤྲོད་ནང་ཚན་རིག་བཞག་པ་ཡིན་ན་དེ་ནི་དེ་ལས་ཀྱང་དཀའ་བའི་གནས་ཤིག་ཏུ་བརྩི་བཞིན་པའི་གནས་ཚུལ་ཡང་ཡོད་པ་རེད་འདུག །

མེ་སོར་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།