དྲང་བདེན་ག་རེ་རེད་དམ་ཞེས་པའི་དཔེ་དེབ་དབུ་འབྱེད།
ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོས་བརྩམས་པའི་<<དྲང་བདེན་ག་རེ་རེད་དམ་>>ཞེས་པའི་དཔེ་དེབ་དེ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་དབུ་འབྱེད་གནང་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༩། ༡༠ སྟེང་། བོད་གཞུང་སྨན་རྩིས་ཁང་གི་ཚོགས་ཁང་དུ། ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོས་བརྩམས་པའི<<་དྲང་བདེན་ག་རེ་རེད་དམ་>>ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་རྣམ་པ་བཅས་མཉམ་འཛོམས་བྱས་འདུག
སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་སྐབས། ཕྱི་ལོ་༡༩༤༩ ནས་འགོ་བརྩམས་ཏེ། རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་བོད་ཀྱི་ཆོས་དང་རིགས་གཞུང་གཏོར་བཤིག་ཚད་མེད་ཅིག་བཏང་ཡོད་ན་ཡང་། ད་དུང་གནས་ཚུལ་དེ་དག་ངན་འགེབ་ཀྱིས་འཁྱོག་བཤད་དང་དྲང་བདེན་མེད་པའི་ལས་ཀ་འདྲ་མིན་ཞིག་སྤེལ་གྱི་ཡོད་པའི་གནས་སྟངས་འོག ང་ཚོ་ཚང་མས་གནས་ཚུལ་དེ་དག་གསལ་པོ་བཟོ་དགོས་ཀྱི་ཡོད་སྐོར་དང་། ཐེངས་འདིར་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོས་གནས་སྟངས་དེ་དག་གསལ་པོ་བཟོ་ཆེད་དེབ་འདི་པར་བསྐྲུན་བྱས་ཐུབ་པར་བསྔགས་བརྗོད་དང་འབྲེལ་ཁོང་གིས་གསུང་དོན། “དེབ་འདིའི་རྩོམ་པ་པོ་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལྟ་བུར་ཆ་མཚོན་ན། བོད་ནང་གི་ཆབ་སྲིད་དང་ཁོར་ཡུག་གི་གནས་སྟངས་མི་མང་གི་དཀའ་ངལ་ཚང་མ་ཤེས་ཀྱི་ཡོད་པའི་གནས་སྟངས་འོག བདེན་པ་དང་དྲང་པོ་ལ་གཞི་བཅོལ་ཏེ་ད་ལྟའི་བོད་ནང་གི་གནས་སྟངས་ཐད་དེབ་འདི་ཕུད་ཐུབ་པ་འདིས། རྒྱལ་སྤྱིའི་ནང་ལ་བོད་ཀྱི་གནད་དོན་དེ་གསལ་པོ་ཆགས་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད། ང་ཚོའི་གནས་སྟངས་ལ་འགྲེལ་བཤད་རྒྱག་མཁན་མང་པོ་ཡོང་གི་ཡོད་དུས། ང་ཚོ་མི་རབས་གསར་པ་ཚོས་འགན་ཁུར་ནས་གནས་སྟངས་དེ་དག་གསལ་པོ་བཟོ་དགོས་ཀྱི་ཡོད་རེད། དེར་བརྟེན། དེ་རིང་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོས་དེབ་འདི་པར་བསྐྲུན་བྱས་ཐུབ་པར་བསྔགས་བརྗོད་དང་ཐུགས་རྗེས་ཆེ་ཞུ་རྒྱུ་”ཞེས་གསུངས་སོང་།
ཡང་ཁོང་གིས་རྩ་བའི་དྲང་བདེན་ཟེར་བ་དེ་གལ་ཆེན་པོ་ཡིན་སྐོར་དང་འབྲེལ་ནས་གསུང་དོན། “རྩ་བའི་དྲང་བདེན་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད། དྲང་བདེན་པའི་རྒྱུ་མཚན་གྱིས་ང་ཚོར་ད་ལྟའི་དཀའ་ངལ་འདི་ཡོང་གི་ཡོད་རེད། དེར་བརྟེན། འགྲོ་བ་མིིའི་སྤྱི་ཚོགས་ནང་ལ་དྲང་བདེན་གལ་ཆེན་པོ་རེད་ལ། དེ་བས་ཀྱང་རྒྱ་ནག་ནང་ལ་དྲང་བདེན་དགོས་པ་གལ་པོ་རེད། དྲང་བདེན་ལ་བརྩི་འཇོག་ཡོད་ན་ང་ཚོའི་འཐབ་རྩོད་ལ་དྲང་བདེན་གྱིས་རྒྱབ་སྐྱོར་ཡོད་པས། རྒྱ་གཞུང་གིས་འཁྱོག་བཤད་ག་ཚོད་བྱས་ཀྱང་རྒྱལ་སྤྱིའི་སྒང་ལ་ང་ཚོའི་གནས་སྟངས་གསལ་པོ་ཆགས་ཐུབ་ཀྱི་རེད་”ཅེས་གསུངས་སོང་།
ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོས་བརྩམས་པའི་<<དྲང་བདེན་ག་རེ་རེད་དམ>>་ཞེས་པའི་དཔེ་དེབ་དེའི་བརྗོད་གཞི་གཙོ་བོར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཁྲིམས་ཁང་ཁག་གིས་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས་ལ་ཐེ་ཇུས་བྱ་དགོས་སྐོར་དང་། ཕྱི་༢༠༠༩ ལོ་ནས་ད་ལྟའི་བར་ཛ་དྲག་གི་གནས་སྟངས་འདི་བྱུང་དགོས་རྐྱེན་རྒྱ་གཞུང་གིས་བཟོས་པས། གནས་སྟངས་འདི་ཞི་འཇགས་སུ་འགྲོ་དགོས་ཀྱི་ཡོད་ན་རྒྱ་གཞུང་གིས། བོད་ནང་ལ་རང་དབང་དང་དམངས་གཙོ་སྤྲད་དགོས་ཀྱི་ཡོད་སྐོར་སོགས་བཀོད་ཡོད་པ་རེད་འདུག