ཉིན་མཐའ་མའི་རྐང་སྤོལ་འགྲན་རྩོད་ཚེས་༥ ཉིན་རེད།
དེ་རིང་ཉིན་མཐའ་མའི་རྩེད་འགྲན་གྱི་རིམ་པ་གཉིས་པའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཕམ་ཁྲོད། བཀྲ་ཤིས་དཔལ་འཁྱིལ་པོག་ར་རུ་ཁག་དང་ཕུན་ཚོགས་གླིང་ཨོ་རིས་ས་རུ་ཁག་གཉིས་རྒྱལ་ཁ་ཐོབ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་དེ། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་འགྲན་རྩོད་བྱས་ཏེ། བཀྲ་ཤིས་དཔལ་འཁྱིལ་པོག་ར་རུ་ཁག་དང་བོད་ཁྱིམ་ཆིག་བསྒྲིལ་རུ་ཁག་གཉིས་འགྲན་རྩོད་ཀྱིས། བོད་ཁྱིམ་ཆིག་བསྒྲིལ་རུ་ཁག་གིས་སྤོ་ལོ་གཅིག་དང་། པོག་ར་རུ་ཁག་གིས་སྤོ་ལོ་༢ བླུགས་ཏེ་པོག་ར་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། འཕགས་ཤིང་ཀ་ཌི་མན་ཊུ་རུ་ཁག་དང་། ཕུན་ཚོགས་གླིང་ཨོ་རིས་ས་རུ་ཁག་གཉིས་འགྲན་རྩོད་ཀྱིས། ཀ་ཌི་མན་ཊུ་རུ་ཁག་གིས་སྤོ་ལོ་གཅིག་དང་། ཨོ་རིས་ས་རུ་ཁག་གིས་སྤོ་ལོ་༣ བླུགས་ཏེ་ཨོ་རིས་ས་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།
ཉིན་མཐའ་མ་གཉིས་པའི་འགྲན་རྩོད་སྟེང་བདམས་ཐོན་བྱུང་བའི་པོག་ར་རུ་ཁག་དང་། ཨོ་རིས་ས་རུ་ཁག་གཉིས་ཀྱི་དབར་སང་ཉིན་སྟེ་ཆུ་ཚོད་༣ པའི་ཐོག་ཉིན་མཐའ་མའི་འགྲན་སྡུར་གྱིས་རྒྱལ་ཁ་ཐོབ་མཁན་ལ་གསེར་བུམ་དང་། བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད།
ཐེངས་འདིར་སྤོ་ལོ་མང་ཤོས་བླུགས་མཁན་གྱི་རྐང་སྤོལ་རྩེད་འགྲན་པ་བཀྲ་ཤིས་དཔལ་འཁྱིལ་སྦོག་ར་རུ་ཁག་གི་ཨང་གྲངས་ ༧ པ་ནོར་བུ་རྡོ་རྗེས་སྤོ་ལོ་ ༦ དང་། ཕུན་ཚོགས་གླིང་ཨོ་རུ་ས་རུ་ཁག་གི་ཨང་གྲངས་ ༧པ་བྱང་ཆུབ་རྒྱལ་མཚན་གྱིས་སྤོ་ལོ་ ༦་བླུགས་ཡོད་པ་རེད།