རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་ཨོ་རི་ས་རུ་ཁག་ལ་ཐོབ་སོང།
ཟླ་འདིའི་ཚེས་༥ ཉིན་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་འགྲན་སྡུར་དེ་བལ་ཡུལ་སྤོག་ར་རུ་ཁག་དང་། ཨོ་རི་ས་རུ་ཁག་གཉིས་འགྲན་སྡུར་བྱས་ཏེ། ཨོ་རིས་ས་རུ་ཁག་ལ་རྩེད་འགྲན་གྱི་གསེར་བུམ་ཐོབ་ཡོད་པ་རེད།
རྩེད་འགྲན་དེ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག ཕྱི་ཟླ་༥ ཚེས་༢༦ ཉིན་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་འགོ་འཛུགས་བྱས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། རྒྱ་གར་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རུ་དཔོན་ཟུར་པ་བུ་ཆུང་བྷོ་ཊའི་ཡ་(Bhaichung Bhutia)དང་། ནེའུ་ཟི་ལན་ཌའི་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་པ་ཟུར་པ་སྐུ་ཞབས་ཌེམ་བྷི་རོན་(Tim Brown) གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ་བཅས་མཉམ་འཛོམས་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཉིན་མཐའ་མ་གཉིས་པའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐོག སྤོག་ར་རུ་ཁག་དང་བོད་ཁྱིམ་ཆིག་བསྒྲིལ་རུ་ཁག་གཉིས་འགྲན་རྩོད་ཀྱིས། བོད་ཁྱིམ་ཆིག་སྒྲིལ་རུ་ཁག་གིས་སྤོ་ལོ་གཅིག་དང་། སྤོག་ར་རུ་ཁག་གིས་སྤོ་ལོ་༢ བླུགས་ཏེ་སྤོག་ར་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། ཀ་ཌི་མན་ཊུ་རུ་ཁག་དང་། ཨོ་རི་ས་རུ་ཁག་གཉིས་འགྲན་རྩོད་ཀྱིས། ཀ་ཌི་མན་ཊུ་རུ་ཁག་གིས་སྤོ་ལོ་གཅིག་དང་། ཨོ་རི་ས་རུ་ཁག་གིས་སྤོ་ལོ་༣ བླུགས་ཏེ་ཨོ་རི་ས་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།
མཐའ་མའི་རྩེད་འགྲན་མཇུག་བསྡོམས་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ཕེབས་ཏེ། ཁོང་གིས་“རྒྱལ་ཡུམ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ལྷིང་འཇགས་པོའི་ངང་ཡག་པོ་ཞེ་དྲག་ཕྱིན་པའི་སྐད་ཆ་གོ་ཐོས་བྱུང་། དེ་ཡག་པོ་ཞེ་དྲག་རེད་”ཅེས་དང་། ཡང་ཁོང་གིས་“བོད་ཀྱི་རྩེད་རིགས་ཚོགས་པས་རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱས་པ་དང་། དེ་དང་མཉམ་དུ་ལག་རྩེད་སྤོ་ལོ་ཡང་འགྲན་སྡུར་བྱེད་འཆར་ཡོད་པ་རེད། ད་ལྟ་གཞིས་ཆགས་ཁག་ཏུ་འགོ་ཚུགས་ཟིན་ཡོད་པས་ཡག་པོ་ཞེ་དྲག་ངང་འགྲོ་བཞིན་འདུག དེར་བསྔགས་བརྗོད་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
ཁོང་གིས་མུ་མཐུད་ནས། “རྩེད་མོ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ཚང་མས་མཁྱེན་གྱི་ཡོད་རེད། འཕྲོད་བསྟེན་ལ་ཕན་རླབས་ཆེན་པོ་ཡོང་གི་ཡོད་པ་རེད། དེ་བཞིན་སེར་སྐྱ་དང་རྒན་གཞོན་སོགས་ཚང་མ་མཉམ་འཛོམས་བྱེད་པའི་གོ་སྐབས་ཡོང་གི་ཡོད་པས་ཆིག་སྒྲིལ་ཡོང་རྒྱུར་ཕན་གྱི་ཡོད་རེད། དེ་ཚོ་ཚང་མའི་ཐུགས་ལ་འཇོག་རོགས་”ཞེས་གསུངས་སོང།
“འཕྲོད་བསྟེན་ཟེར་དུས་དུས་རྟག་ཏུ་ལུས་རྩལ་རྩེད་རྒྱུ་དང་། རྩེད་མོ་རྩེད་རྒྱུ་སོགས་བྱེད་དགོས་པ་རེད། ན་ཚ་མ་ན་གོང་སྔོན་འགོག་བྱེད་དགོས་པ་གལ་ཆེན་པོ་རེད། ལྷག་པར་འདིར་ན་གཞོན་མང་པོ་འདུག བོད་ཀྱི་ན་གཞོན་ཚོས་ང་ཚོའི་སྤྱི་ཚོགས་ནང་ཐ་མག་ཉལ་ཐ་དང་། ཆང་རག་རིགས་ལ་ལག་པ་མ་འཆང་བར། འཕྲོད་བསྟེན་ལ་དོ་སྣང་དང་ན་ཚ་ལ་སྔོན་འགོག་བྱེད་དགོས་གལ་ཆེན་པོ་རེད།”ཅེས་གསུངས་སོང་།
འདི་ལོའི་རྩེད་འགྲན་སྐབས་ཐོག་མའི་འཆར་གཞི་ལྟར་ན། ཨང་དང་པོར་ཐོབ་མཁན་ལ་རྩེད་རིགས་ཚོགས་ཆུང་གི་ངོས་ནས་ཧིན་སྒོར་༢༥༠༠༠ དང། བོད་དོན་རྒྱབ་སྐྱོར་བ་རྒྱ་གར་ལྷོ་ཕྱོགས་ནས་ཡིན་པ་ལྕམ་ཨ་ཤཱ་རེ་ཊི་ཡིས་ཧིན་སྒོར་༥༠༠༠༠ བཅས་ཁྱོན་བསྡོམས་བྱ་དགའ་ཧིན་སྒོར་༧༥༠༠༠ འབུལ་རྒྱུ་ཡིན་པ་རེད། ཨ་ཤཱ་རེའུ་ཊི་ཡིས་༢༠༡༠ ལོ་དང་ ༢༠༡༡ ལོ་གཉིས་རྐང་སྤོལ་རྒྱལ་ཁ་ཐོབ་མཁན་ལ་ཧིན་སྒོར་༥༠༠༠༠ རེ་བྱ་དགའི་སྦྱིན་བདག་གནང་ཡོད་པ་རེད།
རྩེད་འགྲན་དེའི་ཆེད་དགའ་ལྡན་ཕོ་བྲང་གིས་ཧིན་སྒོར་༥༣༢༨༩༢ གནང་ཡོད་པ་དང། ཐེངས་འདིའི་རྩེད་འགྲན་ལྟད་མོ་བའི་འཛིན་བྱང་ལ་གོང་ཚད་མི་འདྲ་བ་གསུམ་ཡོད་པ་དང། དམིགས་བསལ་རྐུབ་སྟེགས་ཡོད་པའི་འཛིན་བྱང་ལ་ཧིན་སྒོར་༢༠༠༠ དང། འགྲན་ཐེངས་ཡོངས་རྫོགས་སྡེབ་འཚོང་འཛིན་བྱང་ལ་ཧིན་སྒོར་༣༠༠ རེ། ཉིན་རེ་བྱས་ཏེ་ཉོས་ན། ཉིན་དང་པོར་ཧིན་སྒོར་༥༠ དང་དེ་རྗེས་ཉིན་རེར་ཧིན་སྒོར་༣༠ རེ་ཡིན་འདུག
ཉིན་མཐའ་མའི་འགྲན་སྡུར་སྐབས་ཨང་དང་པོ་ཐོབ་མཁན་ཨོ་རི་ས་རུ་ཁག་ལ་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པ་ཐོབ་མཁན་བལ་ཡུལ་སྦོག་ར་རུ་ཁག་ལ་ཧིན་སྒོར་ཁྲི་དྲུག་བྱ་དགའ་གནང་ཡོང་པ་རེད།།