དྷ་སྟེང་བོད་ཁྱིམ་སློབ་མའི་ཆོས་སྐོར་བོད་དོན་ལས་འགུལ།

tcv1_8_6_2012དེ་རིང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་རྣམས་ཀྱིས་བཀའ་འགྱུར་གོམ་བགྲོད་ཅེས་པའི་ཆོས་སྐོར་གྱི་བོད་དོན་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་ཕྱི་དྲོ་ཕྱི་ཚོད་༣ པ་ནས་༧པའི་བར་བོད་ཁྱིམ་འཛིན་རིམ་༡༢ ཡོངས་ནས་དྷ་སྟེང་བོད་ཁྱིམ་ནས་མེག་ལོ་གྷན་ཇི་དང་། ཟློས་གར་ཚོགས་པ། ཇོག་གྷིན་ཝ་ར། གླིང་སྐོར། གཙུག་ལག་ཁང་བཅས་བསྐོར་ཏེ། སློབ་གྲྭའི་བར་བཀའ་འགྱུར་དཔེ་ཆ་འཕྲག་ཏུ་ཁྱེར་ནས་ཆོས་སྐོར་གོམ་བགྲོད་བྱས་ཡོད་པ་དང་། ཆོས་སྐོར་ལས་འགུལ་འདི་སློབ་གྲྭའི་སློབ་ཕྲུག་བདེ་དོན་ཚོགས་ཆུང་གིས་གོ་སྒྲིག་བྱས་ཡོད་པ་རེད།

tcv_8_6_2012ཆོས་སྐོར་གོམ་བགྲོད་ཀྱི་དམིགས་ཡུལ་སྐོར་ལ་སྐད་ཆ་དྲིས་པར། སློབ་གྲྭའི་རྒན་བདག་བདེ་ཆེན་མཁའ་འགྲོས་བརྗོད་དོན། དེ་རིང་གོམ་བགྲོད་འདི་ས་ག་ཟླ་བ་དང་སྟབས་བསྟུན་ནས་སྤེལ་བ་ཞིག་རེད། བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་དོན་ཆེད་རང་སྲོག་བློས་གཏོང་གི་སྐུ་ལུས་མེར་བསྲེགས་ཡོད་རེད། དེར་ང་ཚོའི་སྐྱེ་བ་ཡག་པོ་ལེན་ཆེད་བྱང་ཆུབ་སེམས་སྐྱེད་ཀྱི་སྨོན་ལམ་འདེབས་དང་། གཞིས་ལུས་བོད་མི་རྣམས་རྒྱ་དམར་གྱིས་སྲིད་ཇུས་ནོར་འཁྲུལ་ཅན་འོག་ཏུ་སྡུག་པོ་མྱོང་བཞིན་ཡོད་པས། ཁོང་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པ་དང་། ཁོང་བོད་དུ་གང་མགྱོགས་ཕེབས་ཐུབ་པའི་ཆེད་དུ་ལས་འགུལ་འདི་སྤེལ་ཡོད་རེད་ཅེས་བརྗོད་སོང་།

སྤྱི་ཁྱབ་རྒན་བདག་སྒྲོལ་མས་བརྗོད་དོན། ནམ་རྒྱུན་ས་ག་ཟླ་བར་སློབ་ཕྲུག་ཚོས་མར་མེའི་ཁྲོམ་སྐོར་བྱེད་ཀྱི་ཡོད་ས་རེད། དེས་ཁོར་ཡུག་ལ་གནོད་ཀྱི་ཡོད་པས་ང་ཚོས་བཀའ་འགྱུར་ཁུར་ནས་གོམ་བགྲོད་བྱས་པ་རེད། དེ་ཡང་དེ་ལས་འགུལ་གསར་པ་ཞིག་ཆགས་འགྲོ་ཡི་ཡོད་རེད་ཅེས་བརྗོད་སོང་།

སློབ་ཕྲུག་རྣམས་ཀྱིས་དཔུང་པ་གཡས་ཀྱི་འཕྲག་སྟེང་དུ་བཀའ་འགྱུར་གླེགས་བམ་ཁྱེར་བ་དང་། དཔུང་པ་གཡོན་ལ་རས་ཐག་ནག་པོ་བཏག་འདུག ཡང་འགའ་ཤས་ཀྱིས་རང་ལུས་མེར་བསྲེག་གཏོང་མཁན་ཚོའི་འདྲ་པར་ཁྱེར་ཏེ། སྨོན་ལམ་འདོན་བཞིན་ཆོས་སྐོར་བྱས་ཤིང་། དེ་བཞིན་སློབ་ཕྲུག་ཁག་ཅིག་གིས་བོད་ནང་གི་རང་ལུས་མེར་བསྲེག་སྐོར་གྱི་ངོ་སྤྲོད་མདོར་བསྡུས་ཤིག་དབྱིན་ཡིག་ནང་བཀོད་ནས་བཀྲམ་པ་དང་། ཡང་ཁག་ཅིག་གིས་སྐད་ཆ་འདྲི་མཁན་དག་ལ་བོད་དབྱིན་གཉིས་ཀྱི་སྐད་ཡིག་ནང་ལས་འགུལ་དང་བོད་ཀྱི་གནས་སྟངས་ཀྱི་སྐོར་འགྲེལ་བརྗོད་བྱས་པ་སོགས་སྒྲིག་གཞི་དང་ལྡན་པའི་སྒོ་ནས་གོ་སྒྲིག་བྱས་ཡོད་པ་རེད།

རས་ཐག་ནག་པོས་ཅི་ཞིག་མཚོན་གྱི་ཡོད་དམ་ཅེས་དྲིས་པར། མིང་བརྗོད་འདོད་མེད་པའི་སློབ་མ་ཞིག་གིས་”དཔུང་པར་རས་རག་པོ་བཏག་པ་འདིས་བོད་དུ་རྒྱ་ནག་གི་བཙན་འོག་ཏུ་འདས་གྲོངས་སུ་གྱུར་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། རྒྱ་གཞུང་ལ་ངོ་རྒོལ་མཚོན་གྱི་ཡོད་”ཅེས་བརྗོད་སོང་། 

བཀའ་འགྱུར་བམ་པོ་༡༠༡ ཁྱེར་ཡོད་ཅིང་། འཛུལ་ཞུགས་བྱེད་མཁན་ནང་སློབ་མ་༡༨༥ དང་། བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ཕུན་ཚོགས་རྣམ་རྒྱལ་གཙོས་པའི་སློབ་སྤྱི་དང་། དེ་བཞིན་ཆོས་དགེ། དགེ་རྒན་ཁག་ཅིག་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་རེད།  དྷ་སྟེང་བོད་ཁྱིམ་འཛིན་རིམ་བཅུ་གཉིས་ནི་ཚོང་རིག་སྡེ་ཚན་ཡིན་པ་དང་། སློབ་མ་༢༣༠ ཙམ་ཡོད་པ་རེད། ། 

ཁྱེད་ཀྱིས་གཟིགས་མེད་སྲིད།