རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན།
ཟླ་འདིའི་ཚེས་༩ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དྷ་སར་ཚོགས་པ་དང་། རྒྱ་གར་གྱི་མཁས་དབང་ཤྲྀ་ཨིན་དྷ་རེ་ཤ་ཀུ་མཱར་གིས་“རྒྱ་གར་བོད་དོན་རྒྱབ་སྐྱོར་དང་ལས་འགུལ་ཚོགས་པ་དགོས་ཀྱི་འདུག དངོས་སུ་ལག་ལེན་ཐོག་བོད་དོན་རྒྱབ་སྐྱོར་དགོས་ཀྱི་འདུག་”ཅེས་གསུངས་སོང་།
་ཟླ་འདིའི་ཚེས་༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཐོག་དྷ་སའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་མཛད་སྒོའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་གནང་བ་དང་། རྒྱ་གར་གྱི་སྐུ་མགྲོན་མཁས་དབང་རྣམས་ཀྱིས་གཏམ་བཤད་སྐར་མ་བཅུ་རེའི་ནང་གནང་ཡོད་པ་རེད། དེ་བཞིན་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་དང་། བླ་མ་བཟོད་པ་རིན་པོ་ཆེ་དང་ཆོས་མགོན་རིན་པོ་ཆེ། དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་བོད་གཞུང་གི་མཛད་གཙོ་རྣམ་པ་བཅས་ཕེབས་ཡོད་པ་རེད།
དམིགས་བསལ་སྐུ་མགྲོན་ཤྲྀ་ཨིན་དྷ་རེ་ཤ་ཀུ་མཱར་གིས་“ང་ལ་བསམ་ཚུལ་ཞིོག་ཡོད། ཉན་མི་ཉན་ཁྱེད་རང་ཚོ་རེད། འདིར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞེས་པ་འདིོ་རྒྱ་གར་བོད་དོན་རྒྱབ་སྐྱོར་དང་ལས་འགུལ་ཚོགས་པ་ཞེས་བརྗེ་དགོས་ཀྱི་འདུག རྒྱབ་སྐྱོར་ཀླད་པའི་ནང་བྱེད་ཆོག་པ་ཞིག་དང་། ཁ་ཙམ་གྱི་རྒྱབ་སྐྱོར་བྱེད་ཆོག་པ་ཞིག་རེད། དངོས་སུ་ལག་ལེན་ཐོག་ནས་རྒྱབ་སྐྱོར་བྱེད་དགོས་གལ་འདུག་”ཅེས་བརྗོད་སོང་། ཁོང་གིས་མུ་མཐུད་བརྗོད་དོན། “བོད་དོན་རྒྱབ་སྐྱོར་ཚོགས་པ་འཛམ་བུ་གླིང་གང་སར་རྒྱ་བསྐྱེད་གཏོང་དགོས་པ་འདུག མ་ཟ་མགྲིན་གཅིག་གིས་བོད་དོན་ལས་འགུལ་སྤེལ་དགོས་འདུག མཐོ་སློབ་དང་སློབ་གྲྭ་ཁག་གང་ས་དང་ས་གནས་གང་སར་ཡན་ལག་བཙུག་དགོས་གལ་མཐོང་”ཞེས་ལམ་སྟོན་གནང་བ་དང་། ལྷག་པར་དུ་ཁོང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གར་གྱི་གཞུང་ཚབ་འཛུགས་དགོས་འདུག་ཅེས་བརྗོད་སོང་། ཤྲྀ་ཨིན་དྷ་རེ་ཤ་ཀུ་མཱར་ནི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྦྱིན་བདག་གཙོ་བོ་དེ་ཡིན་པ་རེད།
དེ་བཞིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་དབུས་བོད་མིའི་སྒྲིག་འཛུགས་རྒྱ་གར་དུ་བཙུགས་ཏེ། ད་ལྟ་གཞུང་གི་མཛད་གཙོག་རྣམ་པ་མང་ཆེ་བ་རྒྱ་གར་ནས་འཚར་ལོངས་བྱུང་བ་ཡིན་སྐོར་གསུངས་པ་དང་། ཁོང་གིས། བོད་ཀྱི་འཚེ་བ་མེད་པའི་ལྟ་གྲུབ་རྒྱ་གར་ནས་བོད་ལ་དར་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོ་རྒྱ་གར་དཔེ་བླངས་ཤིང་བཅའ་ཁྲིམས་རྒྱ་གར་གྱི་རྩ་ཁྲིམས་ལས་ལེགས་བཏུས་བྱས་ཡོད་པ། བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ཡོང་ཁུངས་རྒྱ་གར་ཡིན་པ། བོད་དོན་ལས་འགུལ་ཡང་རྒྱ་གར་ནས་དར་སྤེལ་བྱས་པ། དེ་བཞིན་བོད་ནི་རྒྱ་གར་གྱི་དགེ་ཕྲུག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས། གལ་ཏེ་བོད་དོན་ལས་འགུལ་ཉམས་རྒུད་དུ་ཕྱིན་ནས་མ་གྲུབ་པ་ཡིན་ན་རྒྱ་གར་ལ་ཧ་ལོག་པ་དང་གཅིག་པ་ཡིན་སྐོར་ཡང་གསུངས་སོང་།
བཀའ་ཁྲི་བློ་བཟང་སེང་གེས་“བོད་ནས་ཨེ་ཤི་ཡའི་རྒྱུགས་ཆུ་ཆེ་ཤོས་བཅུ་ཡི་འབྱུང་ཁུངས་དང་། ལྷོི་སྣེ་དང་བྱང་སྣེ་གཉིས་མཚམས་ནས་བོད་ལ་འཁྱགས་རོམ་དང་གངས་མཐུག་ཤོས་ཡོད་པས། འཛམ་གླིང་གི་སྣེ་མོ་གསུམ་པ་ཡིན་པ་རེད། མ་འོངས་པར་དམག་ཆེན་ཞིག་ཡོང་ན་ཆུའི་ཐོག་ལ་ཡོང་གི་ཡོད་པས་གནད་དོན་དེ་ཚོའི་ཐོག་ཞིབ་ཚགས་བགྲོ་གླེང་བྱེད་དགོས་”སོགས་གསུང་བཤད་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། “རྩ་བས་དེ་རིང་ནས་བཟུང་ཉིན་གསུམ་རིང་བགྲོ་གླེང་བྱེད་རྒྱུ་རེད། ཁྱེད་རང་ཚོས་བློ་རྒྱ་ཡངས་པོའི་ཐོག་ཁ་གསལ་གཏིང་གསལ་ངང་བགྲོ་གླེང་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་བསམ་ཚུལ་དང་གོ་རྟོགས་ཙམ་མིན་པར་ལག་ལེན་གལ་ཆེན་རེད། སྨོན་ལམ་ཙམ་གྱིས་གོ་ཆོད་ཀྱི་མི་འདུག་པས་དངོས་སུ་ལག་ལེན་བསྟར་རོགས་གནང་”ཞེས་གསུངས་པ་དང་། དེ་བཞིན་༧གོང་ས་མཆོག་གིས་“བོད་ཀྱི་དཀའ་ངལ་ཐད་གནད་དོན་གལ་ཆེན་གཅིག་རིག་གཞུང་རེད། བོད་ཀྱི་རིག་གཞུང་ནི་འཚེ་མེད་ཞི་བདེའི་རིག་གཞུང་ཞིག་དང་། གཞན་གཅིག་དེ་རང་བྱུང་ཁོར་ཡུག་རེད་”ཅེས་རིག་གཞུང་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་སོང་།
མཛད་སྒོ་གྲུབ་རྗེས་དངོས་གཞི་བགྲོ་གླེང་འགོ་ཚུགས་ཤིང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སྐོར་ལ་ངོ་སྤྲོད་དང་དྲི་བ་དྲིན་ལེན་གནང་སོང་།
ཉིན་རྒྱབ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལཱ་ལི་ཏ་མཱན་སིང་གི་རྒྱ་བོད་ཧིན་གསུམ་གྱི་འབྲེལ་ལམ་ཐོག་ཚོགས་བཅར་བ་ཁོ་ནར་ནང་མོལ་བྱས་པ་དང་། ཚོགས་དུས་གསུམ་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ངོ་སྤྲོད་དང་བགྲོ་གླེང་གནང་། དེ་རྗེས་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུས་ཉེན་ཚབས་ཆེ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་དང་དེའི་ཤུགས་རྐྱེན་ཞེས་པའི་བརྗོད་བྱའི་ཐོག་གསུང་བཤད་དང་བགྲོ་གླེང་གནང་།
དེ་རྗེས་ཕྱི་ལོ་༢༠༠༩ ནས་ད་བར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་ལ་བསྐྱར་ཞིབ་བྱས་ཤིང་། དགོང་མོ་བོད་གཞུང་ཟློས་གར་གྱི་རིག་གཞུང་འཁྲབ་སྟོན་ཞིག་དང་སྦྲགས་ཉིན་དང་པོའི་ཚོགས་འདུ་མཇུག་བསྒྲིལ་གྱི་ཡོད་པ་རེད། ཚོགས་ཆེན་འདི་མུ་མཐུད་ནས་ཉིན་གསུམ་སྟེ་རེས་གཟའ་ཟླ་བའི་བར་ཚོགས་རྒྱུ་དང་། ཉིན་གཉིས་པར་ཚོགས་བཅར་བ་ཡོངས་སྡེ་ཚན་གསུམ་དུ་བགོས་ནས་༡༽རྒྱ་གར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་པ་ཞེས་དང་། ༢༽ ཤེས་རིག་གི་གོ་རྟོགས་ལས་འགུལ། ༣༽ རྒྱ་གར་བོད་དོན་སྲིད་ཇུས་ཞེས་པའི་བརྗོད་སྙིང་གསུམ་གྱི་ཐོག་བགྲོ་གླེང་བྱེད་རྒྱུ་རེད།
ཉིན་གསུམ་པར་བོད་དོན་ལས་འགུལ་གཏན་འབེབས་འོས་འདེམས་བྱེད་རྒྱུ་དང་། གཞིས་ཆགས་ཁག་གི་གཞིས་འགོ་རྣམས་ཀྱི་ལྷན་དུ་ཚོགས་འདུ། དེ་ནས་གསར་འགོད་གསར་བསྒྲགས་ཤིག་དང་སྦྲགས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཤྲྀ་བྷ་ཤཱི་ཤ་ཏ་ནཱ་ར་ཡན་སིང་བཅས་གཙོ་བཞུགས་ཐོག་མཇུག་བསྡུའི་མཛད་སྒོ་ཞིག་སྐོང་ཚོགས་ཀྱི་ཚོགས་ཆེན་མཇུག་བསྒྲིལ་རྒྱུ་ཡིན་པ་རེད།