ས་གནས་འགོ་འཛིན་གྱི་ཚོགས་ཆེན་ཐེངས་༨ པ།

དེ་རིང་ཞོགས་པར་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག ས་གནས་འགོ་འཛིན་དང་འབྲེལ་མཐུད་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༨ པ་དྷ་སར་འཚོགས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་། ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ས་གནས་འགོ་འཛིན་དང་འབྲེལ་མཐུད་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༨ པ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་དྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཚོགས་ཏེ། མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་གཏམ་བཤད་གནང་ཡོད་པ་རེད།

ཚོགས་ཐོག་ཏུ་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་སྐབས། “དེ་རིང་གི་ཚོགས་འདུའི་དགོས་དམིགས་གཙོ་བོ་ནི་ཁྱབ་ཁོངས་སོ་སོར་ཡོད་པའི་ས་གནས་ཀྱི་གཞིས་ཆགས་ཁག་མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་དང་། དེ་འབྲེལ་གྱི་འཛིན་སྐྱོང་ཚགས་ཚུད་ཡོང་ཆེད་རེད། ང་ཚོ་བཙན་བྱོལ་དུ་མི་ལོ་ ༥༠ ལྷག་ཕྱིན་པའི་ཉམས་མྱོང་གང་གི་ཐོག་ནས། སོ་སོའི་ས་གནས་ཀྱི་གནས་སྟངས་དང་བསྟུན་ཏེ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ང་ཚོ་ལས་བྱེད་དང་འཛིན་སྐྱོང་ནས་ལས་ཀ་བྱེད་སྐབས། ཐོག་མར་བཀའ་ཤག་གི་ལྟ་གྲུབ་ཤེས་པའི་ཐོག་ནས་དེ་དང་མ་འགལ་བའི་ལས་གཞི་རྩོམ་དགོས་ཀྱི་རེད། འདས་པའི་ལོ་བཅུ་བཅོ་ལྔའི་གོང་ངས་ཤེས་ཚོད་བྱས་ན། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བཀར་གྱི་ལས་གཞིའི་ནང་ཧིན་སྒོར་ས་ཡ་ཆིག་སྟོང་བདུན་བརྒྱ་དང་བརྒྱད་བརྒྱ། ལྔ་བརྒྱའི་འཆར་འགོད་ཀྱི་འགྲོ་སོང་བཏང་སྟེ་ཕྱག་ལས་གནང་གི་ཡོད། འདས་པའི་ལོ་གང་འཚམས་ཤིག་ནས་ལོ་གཅིག་ནང་ང་ཚོས་ས་ཡ་ཆིག་སྟོང་བརྒྱད་བརྒྱ་བཏང་ནས་ཕྱག་ལས་གནང་གི་ཡོད་པའི་ལས་གཞི་དེ་དག ད་ལམ་ལོ་བརྒྱད་དགུའི་ནང་ས་ཡ་བརྒྱད་བརྒྱའི་ཐོག་ཆགས་སྟེ་ལས་གཞི་ཉུང་དུ་ཕྱིན་ཡོད། ང་ཚོར་མཐུན་རྐྱེན་བཟང་དུ་ཕྱིན་ནས་ལས་གཞི་ཆུང་དུ་འགྲོ་བཞིན་ཡོད་པའི་གནས་ཚུན་ཐོན་གྱི་ཡོད་པར་བརྟེན། ས་གནས་སོ་སོའི་ཐོག་ནས་འགན་ཁུར་ཡོད་པའི་སྒོ་ནས་དཔལ་འབྱོར་འདུ་འགོད་ཀྱིས་མཚོན་ལས་གཞི་དེ་དག་གནང་རྒྱུའི་དུས་ལ་སླེབས་ཡོད་འདུག་བསམས་ཀྱི་ཡོད། དེ་བཞིན་བོད་མིིའི་སྒྲིག་འཛུགས་འདི་ཚགས་ཚུད་ཡོད་པའི་དབང་གིས་རྒྱལ་ཁབ་མང་དག་ཅིག་གིས། བསྔགས་བརྗོད་དང་བོད་དོན་ཐོག་རྒྱབ་སྐྱོར་འཐོབ་བཞིན་ཡོད། དེར་བརྟེན་ང་ཚོས་སྒྲིག་འཛུགས་འདི་སྔར་ལྷག་ཚགས་ཚུད་ཡོང་རྒྱུའི་ཐོག་བསམ་བློ་གཏོང་དགོས་ཞེས་”བརྗོད་སོང་།

དེ་བཞིན་མཛད་སྒོའི་སྟེང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་།  ལྷན་ཁང་གི་བཀའ་བློན་རྣམ་པས་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གཏམ་བཤད་བྱས་ཡོད་པ་རེད། །

ཁྱེད་ཀྱིས་གཟིགས་མེད་སྲིད།