རྟ་མགྲིན་ཐར་ལ་གདུང་སེམས་མཉམ་བྱེད།
ཟླ་འདིའི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཕྱེད་ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག བོད་ཨ་མདོ་གཅན་ཚ་རུ་མི་སྐྱ་རྟ་མགྲིན་ཐར་གྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས།
འདས་གྲོངས་ཕྱིན་ཡོད་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་སྨོན་ལམ་དགོང་ཚོགས་ཤིག་འཚོགས་སོང་། ཕྱི་དྲོ་དེར་ཆར་ཤུགས་ཆེ་ཙམ་འབབ་བཞིན་འདུག་ནའང་སྨོན་ལམ་དགོང་ཚོགས་དེར་མི་གྲངས་བརྒྱད་ཅུ་བརྒལ་བ་འབྱོར་འདུག སྨོན་ལམ་ཚོགས་འདུའི་སྐབས་༧རྒྱལ་བའི་ཞབས་བརྟན་དང་སྒྲོལ་མ་སོགས་ཆུ་ཚོད་གཅིག་ཙམ་རིང་ལ་བཏོན་རྗེས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བླངས་པ་དང་། ཚད་མེད་ཡོན་ཏན་གྱེར་འདོན་བྱས། དེ་ནས་བོད་བསྟན་སྲིད་རང་དབང་གི་ཆེད་དུ་སྐུ་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་ལ་ཞུས་པ་དང་། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོན་མས་སྨོན་ལན་དགོང་ཚོགས་ངོ་སྤྲོད་དང་འབྲེལ་ཨ་མདོ་གཅན་ཚའི་མེར་བསྲེག་དོན་སྐྱེན་དང་འབྲེལ་བའི་ས་ཁུལ་དེའི་གནས་བབ་དང་། རང་ལུས་མེར་བསྲེག་གཏོང་མཁན་རྟ་མགྲིན་ཐར་ངོ་སྤྲོད་བྱས་སོང་། །
མེ་སོར་གསར་འགོད་པས།