རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཡག་པོ་ཡོད།

dalailama_15_6_2012ཐེངས་འདིར་༧གོང་ས་མཆོག་གིས་དབྱིན་ཡུལ་དུ་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། “བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཡག་ཐག་ཆོད་ཡོད་པ་མ་ཟད། རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་བོད་དོན་རྒྱབ་སྐྱོར་ཚད་མཐོན་པོར་བསླེབས་ཡོད་”ཅེས་གསུངས་འདུག

དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་༧གོང་ས་མཆོག་དབྱིན་ཡུལ་གྱི་གྲོང་ཁྱེར་མན་ཆེ་སི་ཊར་ (Manchester) ཞབས་སོར་འཁོད་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པ་དེས། བོད་ཀྱི་རྒྱུག་ཆུ་ཆེ་ཁག་ལ་བརྟེན་ནས་འཚོ་བཞིན་པའི་མི་མང་ཐེར་འབུམ་མང་པོའི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པར་བརྟེན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་སྤྲོད་རྒྱུ་གལ་ཆེ་ཡིན་སྐོར་གྱི་འབོད་སྐུལ་དང་སྦྲགས། ངོས་རང་ལོ་རྒྱུས་ཐོག་བོད་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པའི་དབྱིན་ཇིའི་ལུང་པར་སླར་ཡང་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།

dalailama_15_6_2012

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། སྤྱིར་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ལུས་སེམས་གང་གི་ཆ་ནས་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད་པར་བརྟེན། ངོས་ཀྱིས་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་བཏང་སྟེ་སེམས་ཀྱི་བདེ་སྐྱིད་བསྒྲུབ་རྒྱུ་དེ་གལ་ཆེ་ཤོས་དང་པོར་བརྩི་བཞིན་ཡོད། དེ་ནས་ང་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་བཟང་སྤྱོད་ཀྱི་བསླབ་བྱ་ཡོད་པ་གཅིག་མཚུངས་ཡིན་པར་བརྟེན། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱ་རྒྱུ་དེ་འགན་ཁུར་གལ་ཆེ་ཤོས་གཉིས་པར་བརྩི་བཞིན་ཡོད་ཅེས་འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་བྱ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།

dalai lama1_15_6_2012

སྐབས་དེར་གསར་འགོད་པ་ཞིག་གིས་དེང་སྐབས་རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་ཏོག་ཙམ་ཉམས་བཞིན་པའི་ཚོར་སྣང་ཡོང་བཞིན་ཡོད་པར་དགོངས་ཚུལ་ཇི་ཡོད་ཅེས་དྲིས་པར། ༧གོང་ས་མཆོག་གིས་“བོད་ཀྱི་གནད་དོན་དེ་ལོ་མང་ཕྱིན་པའི་གནད་དོན་ཞིག་ཡིན་པ་དང། དེང་སྐབས་འཛམ་གླིང་ནང་རྙོག་གྲ་གསར་པ་མང་པོ་ཡོད་པ་དེ་དག་ལ་མི་ཚོས་དོ་སྣང་བྱེད་བཞིན་ཡོད། ཕྱོགས་གཅིག་ནས་བོད་ལ་སྣུམ་གྱི་ཐོན་ཁུངས་མེད་པ་དང་ལུང་ཁུག་ཅིག་ཆགས་ཡོད་ནའང་། བོད་ཀྱི་གནད་དོན་ཐོག་དོ་སྣང་ཡག་ཐག་ཆོད་ཡོད་པ་མ་ཟད། རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་དེ་བཞིན་ཚད་མཐོན་པོར་བསླེབས་ཡོད་”ཅེས་བཀའ་ལན་གནང་ཡོད་འདུག

ཁྱེད་ཀྱིས་གཟིགས་མེད་སྲིད།