རྒྱ་གར་ཀ་སྦུག་ཏུ་བོད་དོན་ཆེད་མི་མང་གི་ལས་འགུལ།

sanggam_15ཟླ་འདིའི་ཚེས་༡༧ ཉིན་གྱི་དགོང་དྲོར་རྒྱ་གར་ཀ་ལོན་སྦུག་ཏུ་ས་གནས་བུད་མེད་དང་གཞོན་ནུ་གཉིས་ཀྱི་གོ་སྒྲིག་གི་འོག སེར་སྐྱ་མི་མང་བརྒྱ་ལྷག་གིས་བོད་དོན་ཆེད་རང་ལུས་མེར་བསྲེག་གཏོང་མཁན་རྟ་མགྲིན་ཐར་ལགས་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།

དེ་ཡང་སྐུ་ཞབས་སངས་རྒྱམ་གྱིས་ས་གནས་ནས་གནས་ཚུལ་བཏང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༥ ཉིན་མདོ་སྨད་གཅན་ཚ་རྫོང་དུ་བོད་རིགས་འབྲོག་པ་རྟ་མགྲིན་ཐར་ལགས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་དང་། རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་ཐུབ་པ་དང་བོད་རྒྱལ་ཁབ་ཀྱི་རང་ས་ཟིན་པའི་ཆེད་དུ་རང་ལུས་མེ་མཆོད་དུ་ཕུལ་ནས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།    དེར་བརྟེན།    རྒྱ་གར་དྷ་རམ་ས་ལ་གཙོ་བོར་གྱུར་བའི་ས་གནས་ཁག་ཏུ་ཁོང་གི་ཆོད་སེམས་ལ་རྒྱབ་སྐྱོར་དང་རང་ལུས་མེ་མཆོད་དུ་ཕུལ་བར་གདུང་སེམས་མཉམ་སྐྱེད།     ཁོང་གི་བཟའ་ཟླ་ཆོས་མོ་ཐར་དང་།    བུ་རྟ་མགྲིན་སྐྱབས་དང་བུད་ཕྲེང་རྡོ་རྗེ་གཉིས།      བུ་མོ་རྡོ་རྗེ་འཚོ་བཅས་ལ་སེམས་གསོ་བཅས་བྱེད་པའི་ཆེད་དུ་མར་མེ་ཁྲོམ་སྐོར་དང་དགོན་པ་ཁག་ཏུ་མཆོད་འབུལ་སྨོན་ལམ་འཚོགས་བཞིན་པ་ལ་བརྟེན་ནས།    རྒྱ་གར་བྱང་ཤར་ས་ཁུལ་གྱི་ཀ་རྡོར་སྒང་གསུམ་དུའང་ལས་འགུལ་དེ་སྤེལ་གྱི་ཡོད་པ་རེད།

sanggam_15

ཁ་སང་དགོང་དྲོར་ཀ་ལོན་སྦུག་ཏུའང་ས་གནས་བུད་མེད་དང་གཞོན་ལྷན་གཉིས་ཀྱི་གོ་སྒྲིག་གི་འོག མི་གྲངས་བརྒྱ་ལྷག་གིས་མར་མེའི་ཁྲོམ་སྐོར་བྱས།  མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་དེ་ནི་ཀ་སྦུག་གཡུ་ལོ་བཀོད་པའི་རྒན་གསོ་ཁང་དུ་སེར་སྐྱ་མང་ཚོགས་མཉམ་མཛོམས་ཀྱིས་ཚད་མེད་ཡོན་ཏན་མ་དང་བདེན་ཚིག་སྨོན་ལམ་དབྱངས་རྟ་དང་བཅས་འུར་འདོན་དང་སྦྲགས།   མྱ་ངན་གྱི་ངག་བཅད་སྐར་མ་གཅིག་གི་རིང་ཞིས་ཤིང་། བྱང་ཆུབ་སེམས་མཆོག་མ་ཞལ་འདོན་དང་འབྲེལ་ནས་འགོ་འཛུགས་གནང་སྟེ་ཀ་སྦུག་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་གོམ་བགྲོད་ཀྱིས་མར་མེ་ཁྲོམ་སྐོར་བྱས།    ད་ཐེངས་ཀྱི་མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་འདིའི་ནང་དུ་ཀ་སྦུག་ཐར་བ་ཆོས་གླིང་དགོན་པ་དང་སྲད་རྒྱུད་དགོན་པ་དང་ཟེ་དཀར་དགོན་པ་བཅས་ཀྱི་དགེ་འདུན་པ་དང་སེམས་ཤུགས་ལྡན་པའི་མང་ཚོགས་དོན་གཉེར་བ་རྣམས་མཉམ་ཞུགས་བྱས་ནས་རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་དང་ཁོང་གི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་མྱ་ངན་ཞུས་ཏེ་མར་མེ་ཁྲོམ་སྐོར་དེ་མཇུག་བསྡུས་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།