ས་གནས་འགོ་འཛིན་གྱི་ཚོགས་ཆེན་ཐོག་གི་གྲོས་ཆོད་ཁག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༤ ཉིན་ནས་མགོ་བརྩམས་ཏེ་ཉིན་གསུམ་གྱི་རིང་། དབུས་བོད་མིའི་སྒྲི་འཛུགས་ཀྱི་ས་གནས་འགོ་འཛིན་ཚོགས་ཆེན་ཐེངས་ ༨ བརྒྱད་པ་དེ་དྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཚོགས་ཡོད་པ་དང་།

ཐེངས་འདིའི་ཚོགས་ཆེན་སྟེང་གཞིས་ཆགས་སྲ་བརྟན་ཡོང་ཐབས་དང་། སྐྱེས་ལྡན་སོ་ནམ་འདེབས་ལས། བཟོ་ལས་ཐོན་སྐྱེད་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་བྱས་ཏེ། ཉིན་མཐའ་མ་སྟེ་ཟླ་འདིའི་ཕྱི་ཚེས་༡༧ ཉིན་བརྗོད་གཞི་དེ་དག་དང་འབྲེལ་བའི་སྐོར་གྱི་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད།

གྲོས་ཆོད།

༡། གཞིས་ཆགས་བསྲ་བརྟན་ཡོང་སླད་དང་ཐོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དོན་ཚགས་ཚུད་དང་མི་མང་ནས་བློ་གཏད་ཡོང་ཐབས་སུ་ས་མིག་གཞིར་བཟུང་ལས་བྱེད་ལྷག་བསམ་ཤེས་འཇོན་ལྡན་པ་བསྐོ་གཏོང་གནང་གལ་ཆེ་བའི་དགོངས་འཆར་གནང་དོན་ལྟར་ས་གནས་སོ་སོའི་མང་ཁྲོད་ནས་ས་འགོ་འོས་འདེམས་ཐུབ་ན་རབ་དང༌། དེ་མིན་སྲི་ཞུ་ལས་བྱེད་བསྐོ་གཏོང་གང་ཐུབ་ཞུ་རྒྱུ་འབད་བརྩོན་ཞུ་རྒྱུ་ཡིན། འོན་ཀྱང་བལ་ཡུལ་ཁུལ་ལས་བྱེད་བསྐོ་གཏོང་ཞུ་རྒྱུ་ཆབ་སྲིད་གནས་སྟངས་ཀྱི་ཆ་ནས་ཡིག་ཆ་ཚད་ལྡན་མེད་པའི་དཀའ་ངལ་གྱིས་ད་ལྟའི་ཆར་འཕྲལ་སེལ་དང༌། ཉིན་གླ་བཅས་ཀྱི་ངོ་བོར་མ་གཏོགས་དབུས་ནས་སྲི་ཞུ་བ་བསྐོ་གཏོང་ཐུབ་མེད་ཀྱང་ངེས་པར་གཏོང་ཐབས་གནང་རྒྱུ།

༢། གཞིས་ཆགས་བསྲ་བརྟན་ཡོང་ཐབས་སུ་གཞིས་ཆགས་སོ་སོའི་ས་ཁང་སོགས་ཁྲིམས་མཐུན་བདག་དབང་ཡོད་པའི་ཡིག་ཆ་ཁུངས་སོ་སོས་ RTC ངེས་པར་ཐོབ་ཐབས་གནང་རྒྱུ།

༣། གཞིས་ཆགས་སུ་སྤྱི་ལམ་དང་ཆུ་གློག་ Infrastructure སོགས་ཀྱི་དགོས་ངེས་མཐུན་རྐྱེན་དམའ་མཐར་སྦྱར་རྒྱུ།

༤། ན་གཞོན་རྣམས་གཞིས་ཆགས་སོ་སོའི་ནང་འཚོ་གནས་ཐུབ་ཐབས་སུ་ན་གཞོན་ཚོར་ཕན་པའི་ལས་རིམ་ Youth Program དཔེར་ན་ Call Centre/Gymnasium སོགས་ཀྱི་མཐུན་རྐྱེན་གསར་སྐྲུན་དང༌། ན་གཞོན་ལས་མེད་བར་ལྡིང་རྣམས་འཚོ་གནས་ཐུབ་ཆེད་ལས་རིགས་འདྲ་མིན་གསར་འཛུགས་ཀྱི་བསྐོར་རྒྱག་མ་དངུལ་བུན་གཏོང་གནང་ཐབས་གནང་རྒྱུ།

༥། དེང་སང་གཞིས་ཆགས་ཁག་གི་ནང་ཞིང་ལས་ཐུབ་མཁན་ཕལ་ཆེ་བ་ལོ་ན་མཐོ་བས་ཞིང་ལས་ཐུབ་མིན་དང༌། ན་གཞོན་སློབ་ཐོན་རྣམས་ནི་སོ་ནམ་འདེབས་ལས་ལ་དོ་དབྱིངས་དེ་ཙམ་མེད་པས་ས་ཞིང་སྟོང་པ་ལུས་བསྡད་པ་དེ་དག་ཆུད་ཟོས་སུ་མི་འགྲོ་བའི་ཆེད་ས་གནས་སོ་སོས་བེད་སྤྱོད་ཚད་ལྡན་དགོས་གལ་ལྟར་གནང་རྒྱུ།

༦། ས་གནས་ཁག་ནས་གཞོན་སྐྱེས་ཁག་ཅིག་ཨི་སི་རལ་དུ་མཁེ་ཡོད་སོ་ནམ་སྦྱོང་བརྡར་ཆེད་གཉེར་གནང་མུས་ཇི་བཞིན་ཕྱིའི་རྒྱལ་ཁབ་གཞན་ཁག་ལ་གླ་ཡོད་ལས་རིགས་སྦྱོང་བརྡར་ལ་གཏོང་ཐབས་གནང་རྒྱུ།

༧། བལ་ཡུལ་དང་སྒང་ཏོག་གཉིས་ཀྱི་ཁུལ་སློབ་གྲྭ་ཚད་ལྡན་མེད་པའི་རྐྱེན་གྱིས་བོད་རིགས་སློབ་ཕྲུག་རྣམས་ལ་སྐད་ཡིག་དང༌། ཆོས་དང་རིག་གཞུང་སོགས་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། སྒང་ཏོག་ཁུལ་དུ་བོད་པའི་སློབ་གྲྭ་ཚད་ལྡན་ཞིག་གསར་འཛུགས་དགོས་འདུན་གནང་དོན་བཞིན་འབྲེལ་ཡོད་ས་གནས་འགོ་འཛིན་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་འཆར་འབུལ་སྙན་གསན་གྱིས་ངོ་བཤུས་ཤིག་ནང་སྲིད་ལས་ཁུངས་སུ་འབུལ་རྒྱུ་གནང༌། བལ་ཡུལ་ཁུལ་གྱི་བོད་རིགས་སློབ་ཕྲུག་རྣམས་བོད་ཁྱིམ་གཉིས་ནང་དམིགས་བསལ་སློབ་འཇུག་དགོངས་བཞེས་ཡོང་བ་འབྲེལ་ཡོད་ས་གནས་འགོ་འཛིན་ནས་འཆར་འབུལ་དགོས་པ་འབྱོར་མཚམས་ནང་སྲིད་ལས་ཁུངས་ནས་རྒྱུད་རིམ་ཁག་བརྒྱུད་ཐབས་ཤེས་གནང་རྒྱུ།

༨། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་གཟིགས་བསྐོར་ཙམ་མིན་པར་གཞིས་ཆགས་ནང་གི་ན་གཞོན་ལས་མེད་རྣམས་ཟུར་དུ་འདུ་བཀོང་གིས་སློབ་གསོ་དང༌། ཁོང་ཚོའི་མངོན་འདོད་གང་ཡིན་རྟོགས་ཞིབ་ཀྱིས་ལས་འཆར་གསར་སྤེལ་རིགས་གནང་འོས་གནང་རྒྱུ།

༩། གཞིས་ཆགས་བསྲ་བརྟན་དགོས་རྒྱུ་གལ་ཆེ་ཡིན་སྐོར་མི་མང་ལ་དབུས་ས་གཉིས་ཀྱི་དུས་ནས་དུས་སུ་ལམ་སྟོན་སློབ་གསོ་རྒྱུན་འཁྱོངས་གནང་རྒྱུ།

༡༠། རྒྱ་གར་ནང་རྗེས་འབྱོར་བོད་རིགས་དང་གཞན་གཞིས་སྐལ་མ་ཐོབ་པའི་རིགས་ལ་གཞིས་ཆགས་གསར་སྐྲུན་གནང་རྒྱུ་སོགས་ཀྱི་ལས་འཆར་ཐོག་དམིགས་བསལ་ཐུགས་འཁུར་ཆེ་བཞེས་གནང་རྒྱུ།

༡༡། ཟུར་རྒྱན་གྲོས་ཆོད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཙོ་བཟུང་ཐོག་གཞིས་སྐལ་མ་ཐོབ་པའི་དཀའ་ངལ་ཅན་གྱི་བོད་རིགས་ཁ་འཐོར་དུ་གནས་སྡོད་ཡོད་པ་རྣམས་ཕྱི་རྒྱལ་ཁག་ཏུ་གཏོང་ཐབས་གང་འོས་འབབ་གཟིགས་གནང་རྒྱུ།
གྲོས་ཆོད།
གོང་གསལ་གྲོས་གཞིའི་ཐོག་དགོངས་འཆར་གྱི་ལམ་ནས་གྲོས་བསྡུར་སྦྱང་བཤད་གནང་འབྲས་གནས་དོན་གཉིས་ཀྱི་ཐོག་སྤྱི་མོས་ཐག་གཅོད་བྱུང་བ་གཤམ་གསལ།

༡། གཞིས་ཆགས་ཁག་གི་ནང་སྐྱེ་ལྡན་སོ་ནམ་འདེབས་ལས་གོང་འཕེལ་གཏོང་ཐབས་སུ་གཞིས་མི་མང་ཚོགས་ལ་སོ་ནམ་འདེབས་ལས་དང་འབྲེལ་བའི་སློབ་གསོ་གོ་བཀོན་གནང་མཁན་སོ་ནམ་སློབ་སྟོན་པ་ཤེས་ཚད་ལྡེང་ངེས་བསྐོ་འཛུགས་གནང་རྒྱུ།

༢། སྐྱེ་ལྡན་སོ་ནམ་འདེབས་ལས་ཀྱི་ཐོན་འབབ་དམན་པའི་དང་ལེན་བྱེད་མཁན་དཀོན་པའི་གནས་སྟངས་ལ་བསྐྱར་ཞིབ་གནང་རྒྱུ།

༣། སྐྱེ་ལྡན་དང་སྲོལ་རྒྱུན་སོ་ནམ་ཞིང་ལས་འདེབས་མཁན་ཡིན་མིན་ལ་མ་ལྟོས་པར་སོ་ནམ་སློབ་སྟོན་པ་ཚད་ལྡན་བསྐོ་གཉེར་ཡོང་ཐབས་སུ་དགོས་ངེས་མཐུན་འགྱུར་སྔར་བཞིན་གནང་རྒྱུ།

གྲོས་ཆོད།
ལག་ཤེས་བཟོ་རིགས་ལ་རྟེན་པའི་གཞིས་ཆགས་ཁག་གི་བཟོ་ལས་ཐོན་སྐྱེད་ཡར་རྒྱས་གཏོང་རྒྱུ་དང་བཟོ་ལས་ཚགས་ཚུད་ཡོང་ཐབས་སུ་དགོངས་འཆར་གྱི་ལམ་ནས་གྲོས་བསྡུར་ལྷུག་པོ་གནང་འབྲས་གཤམ་གསལ་གནས་དོན་བཞིའི་ཐོག་སྤྱི་མོས་ཐག་གཅོད་བྱུང་ཡོད།

༡། ལག་ཤེས་བཟོ་གྲྭ་ཁག་གི་ནང་ལས་མི་རྣམས་ལ་གླ་ཕོགས་ཉུང་བ་དང་མཐུན་རྐྱེན་དམན་པའི་ཐོག་ལས་མི་ཕྲུ་གུར་སློབ་ཡོན་སོགས་མཐུན་རྐྱེན་གཞན་ཇི་བཞིན་སྦྱོར་མ་ཐུབ་པའི་དབང་གིས་ལས་མི་དགོངས་ཞུས་དང་བཟོ་གྲྭ་སྒོ་རྒྱག་དགོས་ཀྱི་གནས་སྟངས་ལ་སོང་སྒེར་པ་ཁག་གི་བཟོ་ལས་ཡར་རྒྱས་ཚགས་ཚུད་ཡོད་པ་རྣམས་ཀྱི་འཛིན་སྐྱོང་གནས་སྟངས་ལ་ས་གནས་སོ་སོས་ཉམས་ཞིབ་ཀྱིས་དེ་དག་ནས་ལེགས་ཆ་བླངས་ཏེ་བཟོ་ཚོགས་ཁག་གི་འཛིན་སྐྱོང་གནང་སྟངས་ཡར་རྒྱས་གཏོང་ཐབས་གནང་རྒྱུ། གལ་མ་ཚད་བཟོ་གཞིས་གཉིས་ཀྱི་ལས་འགན་ཁ་གསལ་དབུས་ནས་ལམ་སྟོན་གནང་རྒྱུ།

༢། བཟོ་གཞིས་ཁག་གི་འགན་ལྷན་ཚོཌ་མི་རྣམས་ལ་དུས་ནས་དུས་སུ་འཛིན་སྐྱོང་དང་འབྲེལ་བའི་སྦྱོང་བརྡར་གནང་རྒྱུ།

༣། བཟོ་གཞིས་ས་གནས་ཁག་ཅིག་ལ་ཡུལ་ལུང་གནམ་གཤིས་དང་འཚོ་རྟེན་ཡོང་འབབ་འདེང་ངེས་མེད་པས་དགུན་
དུས་སུད་ཚོང་དུ་འགྲོ་བསྐྱོད་ཆོག་པའི་གུ་ཡངས་གནང་ན་བཟོ་གཞིས་བསྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཡོང་གི་ཡོད་པས་ས་གནས་གཞན་ཁག་ནས་ཀྱང་དེ་མཚུངས་གནང་རྒྱུ།

༤། བཟོ་གཞིས་ཁག་གི་ནང་ཐོན་འབབ་རུམ་གདན་འཐག་ལས་ཙམ་མིན་པར་ཐོན་རྫས་སྣ་ཚོགས་བཟོ་སྐྲུན་གྱིས་ལས་གཞི་ས་གནས་སོ་སོས་གསར་གཏོད་ཀྱི་ལམ་ནས་རྒྱ་སྐྱེད་གཏོང་ཐབས་གནང་རྒྱུ།
གྲོས་ཆོད།
ཕྱོགས་མཐའི་གཞིས་ཆགས་དང༌། ཁ་ཐོར་ས་གནས་ཁག་ནས་སོ་སོའི་ས་བབ་གནས་སྟངས་ལ་གཞིགས་པས་གནས་ཡུལ་མངའ་གཞུང་ནས་གཞིས་ཆགས་ནང་འཐུང་ཆུ་དང༌། འགྲོ་ལམ། གློག་གི་མཐུན་རྐྱེན། སོ་ནམ་ཞིང་ལས་དང་འབྲེལ་བའི་ལས་འཆར་དང་གཞན་ཡང་མ་འོངས་གཞིས་ཆགས་འཚོ་གནས་ཕུགས་བརྟན་འབྱུང་ཐབས་ཀྱི་ལས་འཆར་སོགས་བརྒྱུད་རིམ་འདྲ་མིན་ཐོག་ནས་རོགས་རམ་འབད་བརྩོན་ཞུས་ཐོབ་བྱུང་བ་ལྟར་ས་གནས་གཞན་ཁག་ནས་ཀྱང་དེ་འདྲའི་རོགས་རམ་མཐུན་རྐྱེན་ཞུ་ལེན་ཐབས་ཤེས་འབད་བརྩོན་རྒྱུན་བསྲིངས་གནང་རྒྱུ།
གྲོས་ཆོད།

བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱ་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་རེ་རེ་ཐོག་ཚོགས་ཐོག་གོ་བསྡུར་ལྷུག་པོ་གནང་འབྲས་གཤམ་གསལ་དོན་ཚན་ཁག་ཅིག་གི་ཐོག་བསྐྱར་བཅོས་ཞུ་དགོས་པའི་དགོངས་འཆར་བྱུང་དོན་བཞིན་བསྐྱར་བཅོས་འཆར་འབུལ་ཞུ་རྒྱུ།

༡། ས་ཁང་སྒྲིག་གཞིའི་དོན་ཚན་ ༥ ནང་གསེས་ ༡ པོའི་ནང་”འདོད་གཅིག་ནང་མི་གཞིས་མི་སུ་ཡིན་དེའི་འདོད་གཅིག་ནང་མི་གཅིག་གཞིས་ཆགས་སོ་སོའི་ནང་ལོ་རེ་ཉུང་མཐའ་ཟླ་གསུམ་གནས་སྡོད་བྱེད་དགོས།”ཞེས་པའི་ཚིག་བརྗོད་གསར་འཇུག་གནང་རྒྱུ།

༢། སྒྲིག་གཞིའི་དོན་ཚན་ ༥ ནང་གསེས་ ༢ པའི་ནང་”ས་བགོས་ཞིང་ཁའི་ཐོག་ཚོགས་ཁང་གསར་རྒྱག་མི་ཆོག
འོན་ཀྱང་སྡོད་ཁང་གསར་རྒྱག་མི་བྱ་ཐབས་མེད་རིགས་རྒྱུ་མཚན་གནས་སྟངས་བཅས་ས་གནས་ས་ཁང་ཚོཌ་ཆུང་ལ་སྔོན་ཚུད་བཀའ་འཁྲོལ་ཞུ་དགོས་པ་དང༌། ས་གནས་ཚོགས་ཆུང་ནས་གནས་སྟངས་ཞིབ་འཇུག་གིས་ནང་སྲིད་ནས་བཀའ་ཞུ་འཁྲོལ་དགོས་པ། བཀའ་འཁྲོལ་གནང་ཕྱོགས་ལམ་སྟོན་ཞིག་ནང་སྲིད་ལས་ཁུངས་ནས་ཟུར་དུ་ཁུངས་ཁྱབ་གནང་རྒྱུ།” ཞེས་པའི་ཚིག་བརྗོད་གསར་འཇུག་གནང་རྒྱུ།

༣། སྒྲིག་གཞིའི་དོན་ཚན་ ༥ ནང་གསེས་ ༡ པོའི་ཡིག་ཕྲེང་ ༥ པར་”་་་་་་ས་ཁང་ཐོབ་པའི་གཞིས་མི་འམ། དེའི་འདོད་གཅིག་ནང་མི་སུ་ཡིན། ཡང་ན་གཏན་འབེབས་སྒྲིག་གཞི་འདིའི་འོག་ནས་ལུགས་མཐུན་བགོས་སྤྲོད་བགྱིས་པའི་གཞིས་མི་སུ་ཡིན་ནས་གཞིས་ཆགས་སོ་སོའི་ནང་ལོ་རེར་ཉུང་མཐར་ཟླ་གསུམ་གནས་སྡོད་བྱེད་དགོས་ཐོག་་་”

༤། ས་གནས་སོ་སོའི་ནང་སྤྱི་ས་གང་དུ་ལྷག་ཡོད་མེད་ས་གནས་ས་ཁང་ཚོགས་ཆུང་ནས་ཞིབ་འཇུག་ཀྱིས་བདག་བཟུང་དགོས་པ་དང༌། སྤྱི་ས་བེད་སྤྱོད་བྱ་དགོས་རིགས་ས་ཁང་ཚོགས་ཆུང་གིས་ས་གནས་འགོ་འཛིན་བརྒྱུད་ནང་སྲིད་ལས་ཁུངས་ནས་བཀའ་འཁྲོལ་ཞུ་ཐོབ་དགོས་རྒྱུ།

༥། སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༡ པོར་”སྒྲིག་གཞི་འདི་གཏན་འབེབས་གསལ་བསྒྲགས་གནང་ཉིན་ནས་གཞིས་མི་སུས་ཀྱང་ས་ཁང་ཕྱིའི་མི་ལ་ཕུལ་སྦྱིན་དང༌། ཚོང་བསྒྱུར། ཁང་གླ་གཏོང་བའི་རིགས་གཏན་ནས་མི་ཆོག་”ཅེས་བསྐྱར་བཅོས་གནང་རྒྱུ།

༦། སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༢ པའི་ཡིག་ཕྲེང་དང་པོའི་ནང་གསལ་”་་་་ཕུལ་སྦྱིན་ཚབ་ཏུ་ཕུལ་ལེན་དང༌། ཚོང་བསྒྱུར་ཚབ་ཏུ་ཉོ་ཚོང་་་་”ཞེས་བསྐྱར་བཅོས་ཞུ་རྒྱུ།

༧། སྒྲིག་གཞི་དོན་ཚན་ ༡༢ ནང་གསེས་ ༤ པའི་ནང་གསལ་”་་་་ཕྱིར་བསྡུ་བྱ་དགོས་པའི་ཐོག་སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༢ ནང་གསལ་ལྟར་ཉེས་ཆད་འགལ་རྒྱུ།”ཞེས་བསྐྱར་བཅོས་ཞུ་རྒྱུ།
གྲོས་ཆོད།

ས་གནས་ཁག་ནས་འཛུགས་སྐྲུན་ལས་གཞིའི་འཆར་འབུལ་ཞུ་ཕྱོགས་ཚད་ལྡན་ཡོང་ཆེད་ནང་སྲིད་འཆར་འགོད་ཚན་པ་ནས་དོན་ཚན་བཅུ་ཅན་གྱི་འཆར་གཞི་འབུལ་སྟངས་ལམ་སྟོན་ཚོགས་བཅར་བ་ཡོངས་ལ་འགྲེམས་སྤེལ་ཞུས་པར་རྩ་འཛིན་གནང་ཕྱོགས་འཕྱུག་མེད་དགོས་རྒྱུ། སླད་ས་གནས་སོ་སོར་འཆར་གཞི་བཟོ་འགོད་ཚོགས་ཆུང་རེ་གསར་འཛུགས་གནང་རྒྱུ་དང༌། ཚོགས་ཆུང་གི་ཚོགས་མིའི་ངོ་བོ་དང༌། གྲངས་འབོར། དུས་ཡུན། ལས་དོན་བྱ་ཕྱོགས་བཅས་སྐོར་དབུས་ནས་ལམ་སྟོན་ཁ་གསལ་གཏོང་རྒྱུ།
གྲོས་ཆོད།

ས་གནས་སོ་སོའི་ནང་འཛུགས་སྐྲུན་གྱི་ལས་གཞི་ཁག་ལག་བསྟར་ཚགས་ཚུད་དང་དམིགས་ཚད་ལོན་པ་ཡོང་ཆེད་ས་གནས་འགོ་འཛིན་སོ་སོས་ལས་གཞི་ཁག་གི་ཐོག་ལ་གཟིགས་རྟོགས་སྟངས་འཛིན་རྒྱུན་བསྲིངས་གནང་གལ་མ་ཚད་ལས་བསྡོམས་རྩིས་ཁྲ་རྒྱས་བཅད་དུས་བཀག་ནང་ཚུད་འབུལ་ལམ་ངེས་ཞུ་དགོས་པ་དང༌། ལྷག་པར་འཆར་འགོད་གནང་ཕྱོཌ་དང་འབྲེལ་བའི་ལས་གཞི་ཡོངས་རྫོགས་དབུས་ནང་སྲིད་ལས་ཁུངས་ནས་གཏན་འབེབས་བགྱིས་པའི་དོན་ཚན་ ༡༠ ཅན་གྱི་ལམ་སྟོན་གཞིར་བཟུང་གནང་དགོས།
གྲོས་ཆོད།

གྲོས་གཞི་གཞིར་བཟུང་ས་གནས་ཚང་མས་སྔོན་རྩིས་འཆར་འབུལ་བཏང་བཅུན་གནང་རྒྱུས་མཚོན་རྩིས་ཞིབ་སྙན་ཐོར་ལན་འདེབས་དང་སྐྱོན་གནད་ཡོ་བསྲང་ཚགས་ཚུད་ཡོང་ཐབས་གནང་རྒྱུ། རྩིས་པ་ཚད་ལྡན་བསྐོ་གཞག་ཡོང་བ་སྤྱི་མགྲིན་དགོངས་ཚུལ་བྱུང་དོན་བཞིན་དབུས་ནས་གང་ཐུབ་ཞུ་རྒྱུ་ཡིན། རྩིས་པའི་ཟབ་སྦྱོང་ཐད་དེ་སྔ་ཐེངས་འགའ་ཤས་ཕུལ་ཐུབ་པ་བྱུང་ཡོད། ད་དུང་ཡང་མུ་མཐུད་འབུལ་ཐབས་ཞུ་རྒྱུ་ཡིན།
གྲོས་ཆོད།

ས་གནས་འགོ་འཛིན་ལས་ཁུངས་དང་མི་མང་མཉམ་འབྲེལ་ཁག་གི་ལས་དོན་ཞུ་ཕྱོགས་དང་འབྲེལ་ལམ་གནང་ཕྱོགས་ཡར་རྒྱས་ཚགས་ཚུད་ཡོང་ཆེད་ཚོགས་ཐོག་དགོངས་འཆར་གྱི་ལམ་ནས་གྲོས་བསྡུར་ལྷུག་པོ་གནང་འབྲས་གཤམ་གསལ་དོན་ཚན་ཁག་གི་ཐོག་སྤྱི་མོས་ཐག་གཅོད་བྱུང་ཡོད།

༡། གཞིས་ཆགས་སུ་སྤྱི་པའི་ས་སྟོང་ལྷག་པ་རྣམས་ནང་སྲིད་ལས་ཁུངས་ནས་ཕྱིར་བཞེས་ཀྱིས་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ལས་གཞི་ཆེད་གནང་ན་དགེ་མཚན་ཆེ་བས་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ་གཉིས་ཕྱོཌ་ནས་གནང་ཕྱོགས་དགོངས་བཞེས་གནང་གལ།

༢། ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་གཞིས་ཆགས་ཀྱི་ས་ཆའི་བདག་དབང་གི་རྩ་འཛིན་ཡིག་ཆ་ཁག་ལ་གཞི་བཅོལ་གྱིས་ས་ཆའི་བདག་དབང་གི་གནས་སྟངས་ཇི་ཆགས་གསལ་བཟོ་གནང་གལ།

༣། ས་གནས་འགོ་འཛིན་ལས་ཁུངས་དང་མི་མང་མཉམ་འབྲེལ་སོ་སོའི་ལས་དོན་བྱེད་ཕྱོགས་ས་མཚམས་དབྱེ་འབྱེད་ཁ་གསལ་བཟོ་གནང་དགོས་རྒྱུ།

༤། དབུས་ནས་ཚོགས་པ་དེབ་བསྐྱེལ་ཡོད་པའི་སྒྲིག་འཛུགས་ཁག་གི་ཚོགས་མི་དང་འགན་ལྷན་འཐུས་མི་རྣམས་ལ་ཚོགས་པའི་འཛིན་སྐྱོང་ལས་དོན་བྱེད་ཕྱོགས་སྐོར་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ།

༥། ཚོགས་པ་དེབ་སྐྱེལ་ཡོད་པའི་སྒྲིག་འཛུགས་ཁག་གི་ལས་དོན་ཚགས་ཚུད་ཡོང་ཐབས་སུ་ཚོགས་པའི་འགན་ལྷན་དང་དབུས་ཀྱི་འབྲེལ་ཡོད་ཚན་པའི་ལས་བྱེད་མཉམ་ཕན་ཚུན་གོ་བསྡུར་ཚོགས་བསྐོང་ཡང་སེ་གནང་རྒྱུ།

༦། ས་གནས་མི་མང་གིས་འོས་འདེམས་བྱས་པའི་ས་གནས་འགོ་འཛིན་ནས་གོ་གནས་རྗེས་འབྲེལ་གྱིས་ས་གནས་མཉམ་འབྲེལ་དང་ཚོགས་པ་དེབ་བསྐྱེལ་སྒྲིག་འཛུགས་ཁག་གི་ཚོགས་གཙོ་ལས་འགན་གཅིག་ལྕོགས་བཞེས་དགོས་མིན་སྐོར་གྲོས་ཆོད། དབུས་ས་གཉིས་ཀྱི་འབྲེལ་མཐུད་ཚགས་ཚུད་ཡོང་ཆེད་དགོངས་འཆར་སྣ་འཛོམས་གནང་དོན་ལྟར་དབུས་ནས་ལེགས་སྤེལ་གནང་སྒོ་ཁག་ཇི་ཡོད་ལག་བསྟར་གནང་ཐབས་གནང་རྒྱུ།

ཁྱེད་ཀྱིས་གཟིགས་མེད་སྲིད།