དབྱིན་ཇི་རྒྱལ་ས་ལོན་ཌོན་དུ་༧གོང་ས་མཆོག་གི་མཛད་འཕྲིན།

2012_06_19_londonཟླ་འདིའི་ཚེས་༡༩ ཉིན་༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེ་ཌི་མི་ལི་བྷན་དང་མཇལ་འཕྲད་གནང་ཡོད་པ་རེད།

དེ་ཡང་ཉིན་དེའི་ཐོག་མར་༧གོང་ས་མཆོག་གིས་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་རོ་ཡལ་ཨེལ་བྷ་ཊི་(Royal Albert Hall) ཚོགས་ཁང་ཆེན་མོའི་ནང་ཞབས་སོར་འཁོད་དེ་མི་གྲངས་ ༦༠༠༠ ཙམ་ལ། “དོན་དམ་གྱི་འགྱུར་བ་ནང་སེམས་ནས་ཡོང་དགོས་”ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སྐབས། ཁོང་ལ་འདིར་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་སྐོར་དང་། རིན་ཐང་དེ་དག་བྱམས་བརྩེའི་བསམ་པར་རག་ལུས་ཡོད། གལ་ཏེ་མིའི་རྣམ་དཔྱོད་དེར་བཟང་སྤྱོད་ཀྱིས་རྒྱབ་བརྟེན་བྱེད་མ་ཐུབ་ཚེ་ཕྱི་ལོ་ ༢༠༠༡ ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཨ་རིའི་ཚོང་ལས་ཀྱི་ཁང་ཆེན་གཉིས་འཇིགས་ སྐུལ་རིང་ལུགས་པས་རྩ་མེད་བཟོས་པ་སོགས་ཀྱི་གནས་ཚུལ་ཡོང་རྒྱུ་ཡིན་སྐོར་ལུང་འདྲེན་མཛད་དེ་གསུང་བཤད་གནང་།

ཕྱི་ཚེས་ ༢༠ ཉིན་༧གོང་ས་མཆོག་གིས་ལོན་ཌོན་དཔལ་འབྱོར་ཚན་རིག་གི་སློབ་གྲྭར་ London School of Economics ཆིབས་བསྒྱུར་བསྐྱངས་ཏེ་བཟོད་སྲན་སྐོར་བཀའ་སློབ་བསྩལ་གྱི་ཡོད་པ་རེད།

holiness and aungདེ་གཞིན་ཟླ་འདིའི་ཚེས་ ༡༩ ཉིན་༧གོང་ས་མཆོག་དང་། འབར་མའི་མང་གཙོ་དོན་གཉེར་བ་ལྕམ་ཨང་སང་སུ་ཀི་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་མཇལ་འཕྲད་གནང་བ་དང་། སྐབས་དེར་༧གོང་ས་མཆོག་གིས་ སྐུ་ཉིད་དང་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། སྐུ་ཉིད་ཀྱིས་སྙིང་སྟོབས་དང་ཆོད་སེམས་ལ་ངོས་ཀྱིས་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་དང་། སྐུ་ཉིད་ཀྱི་ཕ་དམ་པ་ལྟར་ཆོད་སེམས་བཅང་སྟེ་འགྲོ་བ་མིའི་རིགས་སྤྱིའི་བདེ་དོན་ཆེད་ལྷག་བསམ་ཧུར་སྐྱེད་ཀྱིས་འབད་བརྩོན་དེར་བྱ་བ་ལམ་ལྷོང་ཡོང་བའི་རེ་བ་དང་ སྨོན་འདུན་ཞུ་རྒྱུ་ཡིན། སླད་ཀྱང་སྐུ་ཉིད་དང་མཇལ་རྒྱུའི་རེ་བ་ཡོད་ཅེས་སོགས་གསུངས་པ་དང་། མཇལ་དར་དང་སྟོན་པའི་སྐུ་བརྙན་ཞིག་ཕྱག་རྟགས་སུ་གསོལ་རས་བསྩལ་ཡོད་པ་རེད།

དེ་རྗེས་༧གོང་ས་མཆོག་གིས་ཝེ་སི་མིན་སི་ཊར་གཙུག་ལག་སློབ་ཁང་དུ་མང་གཙོའི་ རིན་ཐང་དང་བོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།