བྷེལ་རྗམ་དུ་བོད་ཕྲུག་ཚོར་བོད་ཡིག་ཟུར་སྦྱོང་འཛིན་གྲྭ

class_9_6_2012འདི་ཟླའི་ཚེས་༩ དང་ཚེས་༡༦ ཚེས་༡༧ བཅས་ཉིན་གསུམ་ལ་བྷེལ་འཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་དང་། བྷེལ་རྗམ་ཁུལ་གྱི་བོད་ཕྲུག་སློབ་མའི་ཁྱིམ་བདག་ལྷན་དུ་བོད་ཕྲུག་ཚོར་བོད་ཡིག་བོད་སྐད་སློབ་སྦྱོང་སྤྲོད་ཕྱོགས་སྐོར་ལ་གྲོས་བསྡུར་ཐག་གཅོད་བྱས་ཡོད་པ་རེད།

ལྷག་པ་ཚེ་རིང་གིས་ས་གནས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་ཁང་ནི་གནས་ཡུལ་གཞུང་ལ་ཁྲིམས་མཐུན་གྱི་དེབ་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཡིན་པ་དང་། འཛིན་སྐྱོང་ཁང་འདི་བཙུགས་ནས་ད་བར་ལོ་ངོ་བཞི་ཙམ་འགྲོ་ཡི་ཡོད་པ་རེད། དེའི་ལས་དོན་གཙོ་བོ་ནི་བྷེལ་རྗམ་ནང་གསར་དུ་སྐྱེས་པའི་བོད་ཕྲུག་ཚོར་རེས་གཟའ་སྤེན་པ་དང་ཉི་མའི་དུས་ཚོད་བེད་སྤྱད་ནས། བོད་སྐད་ཤོད་སྟངས་ནས་འགོ་བཙུགས་ཏེ་རིམ་བཞིན་ཡ་རབས་བཟང་སྤྱོད་དང་བོད་ཡིག ནང་ཆོས་སོགས་ཀྱི་སློབ་ཁྲིད་གནང་བཞིན་ཡོད་པ་དང་། ད་དུང་རྒྱ་བལ་འབྲུག་སོགས་ལ་བོད་ཡིག་སློབ་སྦྱོང་གང་འཚམས་བྱེད་མྱོང་ཡོད་པ་ཕྱིས་སུ་ཁྱིམ་ཚང་ཟླ་སྒྲིལ་གྱིས་འདིར་གར་སླེབས་པའི་བོད་ཕྲུག་རྒན་པ་ཚོར་ཟླ་རེར་དུས་གཅིག་གིས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གི་ལས་རིམ་གོ་སྒྲིག་བྱེད་ཀྱི་དང་། ད་དུང་འདི་ཁུལ་གྱི་དབྱར་ཁའི་གུང་སེང་སྟབས་བསྟུན་ལོ་ལྟར་དུས་ཡུན་བདུན་ཕྲག་གཅིག་གི་རིང་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཞེས་པ་ཞིག་ཀྱང་ཚོགས་བཞིན་ཡོད་པ་རེད།

lhakpa_9_6_2012ད་ཐེངས་ཀྱི་ས་གནས་ཁག་གསུམ་གྱི་བོད་ཕྲུག་སློབ་མའི་ཁྱིམ་བདག་ཚོགས་འདུ་བསྐོང་ཚོགས་གནང་དགོས་དོན་གཙོ་བོ་ནི། དེང་སྐབས་གཞིས་ལུས་བོད་མི་ཚོས་རང་གི་རྒྱལ་ཁབ་དང་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་གི་ཡོད་པར། ང་ཚོས་ཁོང་རྣམས་ཀྱི་ཐུགས་འདུན་སླད་མཆོད་འབུལ་ཙམ་མ་ཡིན་པར། ཁ་ཡོད་ལག་ཡོད་མ་འོངས་བོད་ཀྱི་སོན་རྩ་ཚོར་ལག་ལེན་ངོ་མར་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་དང་།  ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་དང་ཡོ་རོབ་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་གནང་སྐབས་དུས་རྟག་ཏུ་བོད་ཕྲུག་ཚོར་རང་གི་སྐད་ཡིག་དང་ནང་ཆོས་སོགས་ལ་སློབ་སྦྱོང་སྤྲོད་དགོས་པའི་བཀའ་སློབ་དང་། ལྷག་དོན་ཕྱི་ཟླ་༥པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བྷེལ་རྗམ་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས། སླར་ཡང་རང་མི་རིགས་ཀྱི་རིག་གཞུང་དེ་བོད་ཕྲུག་ཚོར་སློབ་སྦྱོང་སྤྲོད་དགོས་རྒྱུ་གལ་ཆེ་དོན་ཆེན་གྱི་བཀའ་སློབ་ཟབ་མོ་ཕེབས་པར། ཆོས་རིག་འཛིན་སྐྱོང་གཅིག་པུ་མ་ཡིན་པར། ཁྱིམ་བདག་ཚོས་ཀྱང་བླང་དོར་བཀའ་སློབ་ཟབ་མོ་ཕེབས་པར་དམིགས་བསལ་གྱི་དོ་སྣང་དང་། སླད་མར་བོད་ཕྲུག་ཚོ་བོད་ཀྱི་སྐད་ཡིག་སློབ་གྲྭར་གཏོང་གི་ཡོད་ཟེར་བ་ཙམ་མ་ཡིན་པར། དོན་འབྲས་བཟང་པོ་སྨིན་ཕྱིར་ད་ཡོད་ས་གནས་ཁག་གསུམ་སོ་སོར་སློབ་མའི་ཁྱིམ་བདག་ཚོ་དང་མཉམ་དུ་སློབ་གྲྭའི་སྒྲིག་གཞི་དང་། ཕ་མའི་ཚོགས་ཆུང་གསར་བཙུགས་ཀྱི་གོ་བསྡུར། ཚོགས་འདུའི་སྐབས་ཁྱིམ་བདག་ཚོས་ད་བར་འཛིན་སྐྱོང་ཁང་གི་ལས་དོན་ལ་བསྔགས་བརྗོད་དང་། རང་རང་གི་དགོངས་ཚུལ་གང་ཡོད་པ་མ་གསང་ལྷུག་པོ་བརྗོད་པ་མ་ཟད། སླད་མ་ཡང་བོད་ཕྲུག་དེ་དག་བོད་པའི་ངོ་བོ་མ་བརླག་པར་གནས་ཐུབ་རྒྱུར་དཔལ་འབྱོར་དང་མི་སྣ་སོགས་གང་དགོས་ཀྱང་རོགས་རམ་གནང་རྒྱུ་ཡིན་ཞེས་ཚོར་བ་རྣོ་པོས་ཞལ་བཞེས་གནང་ཡོད་པ་རེད།

class_9_6_2012

འཛིན་སྐྱོང་ཁང་གི་ངོས་ནས་ཀྱང་སྔར་བས་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་དང་། སློབ་གཞི། འཛིན་ཁང་སོགས་ཀྱི་མཐུན་རྐྱེན་ཇེ་ལེགས་གཏོང་རྒྱུ་ཡིན་ཞེས་གསུངས་པ་དང་། མཐར་སློབ་གྲྭའི་སྒྲིག་གཞི་དོན་ཚན་བཅུ་གཉིས་ཅན་ཞིག་དང་ས་གནས་ཁག་གསུམ་ལ་ཕ་མའི་ཚོགས་ཆུང་བཙུགས་རྒྱུ་གཏན་ཁེལ་ནས། འདི་ལོའི་ཕྱི་ཟླ་བདུན་པའི་ནང་གཅིག་འགྱུར་གྱི་སློབ་འཇུག་ཐོ་འགོད་གསལ་བསྒྲགས་གནང་རྒྱུ་དང་། ཕྱི་ཟླ་༩ པ་ནས་བཟུང་དངོས་སུ་སྒྲིག་གཞི་ལག་བསྟར་དང་། ཕ་མའི་ཚོགས་ཆུང་གི་ལས་ཀ་དངོས་སུ་འགོ་འཛུགས་རྒྱུ་ཡིན་པ་རེད།།