བོད་རྒྱལ་ཡོངས་ལྷན་ཚོགས་ཤིག་བཙུགས་གཏན་ཁེལ་འདུག
ཟླ་འདིའི་ཚེས་༢༧ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བོད་རང་བཙན་སྐོར་གྱི་ཚོགས་འདུ་ཞིག་འཚོགས་ཏེ། ༢༠༡༣ ལོར་བོད་རང་བཙན་སྐོར་གྱི་ཚོགས་ཆེན་ཞིག་ཚོགས་རྒྱུ་དང་། བོད་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པ་གསར་འཛུགས་བྱེད་རྒྱུ་གཏན་ཁེལ་ཡོད་པ་རེད།
ཚོགས་འདུ་དབུ་འབྱེད་ཐོག་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་དང་། རྩོམ་པ་པོ་འཇམ་དབྱངས་ནོར་བུ་གཉིས་ཀྱིས་གསུང་བཤད་གནང་བ་དང་། ཚོགས་ཐོག་ཏུ་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་མཆོག་གིས་དབུས་སྤྱི་འཐུས་ལས་ཐོག་བཅུ་དང་། བོད་དོན་རྒྱབ་སྐྱོར་བ་ཝེ་ཇེ་ཀ་རན་ཏི། བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དང་། འཇམ་དབྱངས་ནོར་བུ། ཤང་བཟའ་རིན་པོ་ཆེ། བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་དབུས་དུས་རྒྱུན་རང་བཙན་དོན་གཉེར་མཁན་བཅས་བསྡོམས་མི་གྲངས་ལྔ་བཅུ་མ་ཟིན་ཙམ་ཚོགས་ཞུགས་བྱས་ཡོད་པ་རེད།
བརྗོད་གཞི་གཙོ་བོ་༡༽ བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས། ༢༽ ཕྱི་ལོ་༢༠༡༣ ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་གནས་བབས་བསྐྱར་ནན་གྱིས་གསལ་བསྒྲགས་གནང་ནས་ལོ་༡༠༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་སྟབས་བསྟུན་ནས་རང་བཙན་ཚོགས་ཆེན་གྲ་སྒྲིག་བྱེད་ཕྱོགས་སྐོར། ༣༽ བོད་རང་དབང་རང་བཙན་འཐབ་རྩོད་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་ལུས་མེར་བསྲེག་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ལས་འགུལ་སྤེལ་ཕྱོགས་སྐོར། ༤༽ བོད་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་གྱི་ཚོགས་སྡེ་ཁག་དང་། མི་སྒེར་བཅས་ཀྱི་ནུས་པ་གཅིག་སྒྲིལ་ཡོང་ཐབས་སྐོར་བཅས་ཡིན་པ་རེད།
བགྲོ་གླེང་ཚོགས་ཆུང་གསུམ་དུ་བགོས་པ་དང་། རྗེས་སུ་ཚོགས་ཆུང་སོ་སོའི་བསམ་ཚུལ་ཕྱོགས་བསྡོམས་བྱས་ཏེ། ༢༠༡༣ ལོར་རྒྱལ་དབང་སྐུ་ཕྲེང་༡༣ པས་རང་བཙན་གྱི་གནས་བབས་བསྐྱར་ནན་གྱིས་གསལ་བསྒྲགས་གནང་ནས་ལོ་༡༠༠ ཧྲིལ་པོ་སྟབས་བསྟུན། རང་བཙན་སྐོར་གྱི་ཚོགས་ཆེན་ཞིག་ཚོགས་རྒྱུ་དང་། མ་འོངས་པར་རང་བཙན་འཐབ་རྩོད་པ་ཚང་མ་མཉམ་འཛོམས་ཆེད་སྒྲིག་འཛུགས་ཤིག་དགོས་གལ་དུ་མཐོང་བས། བོད་རྒྱལ་ཡོངས་ལྷན་ཚོགས་ཞེས་པའི་ཚོགས་པ་གསར་འཛུགས་བྱེད་གཏན་ཁེལ་བ་དང་ ལྷན་ཚོགས་དེ་གསར་འཛུགས་ཆེད་ཚོགས་ཆུང་ཞིག་བསྐོས་ཡོད་པ་རེད།
དེ་མཚུངས་བརྗོད་གཞི་ཁག་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་དང་། བོད་རང་བཙན་འཐབ་རྩོད་ཆེད་ལས་འགུལ་སྤེལ་ཕྱོགས། བོད་ནང་ཛ་དྲག་གནས་བབས་དང་བསྟུན་ནས་ལས་འགུལ་ཕྱོགས་སོགས་ལ་གྲོས་བསྡུར་བྱས་ཏེ། གྲོས་ཆོད་ཁག་ཀྱང་གཏན་འབེབས་བྱས་འདུག
དེ་ཡང་ལོ་འདིའི་ཕྱི་ཟླ་༣ ཚེས་༡༡ ནས་༡༢ བར་ཉིན་གཉིས་རིང་རང་བཙན་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་རང་བཙན་གྱི་ཚོགས་ཆེན་ཞིག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཚོགས་པ་དང་། སྐབས་དེར་འཛམ་གླིང་གི་ས་གནས་གང་ས་ནས་བོད་རང་བཙན་འཐབ་རྩོད་པ་༦༠ ལྷག་ཙམ་མཉམ་ཞུགས་བྱས་ཡོད། སྐབས་དེར་བོད་རྒྱལ་ཡོངས་ལྷན་ཚོགས་ཞེས་པ་དེ་བཙུགས་རྒྱུའི་གྲོས་གཞི་བྱུང་བ་ལྟར། ཚོགས་འདུ་དེའི་ཐོག་བོད་རང་བཙན་སླར་གསོའི་ལས་འགུལ་རྒྱུན་མཐུད་ཡོང་ཆེད་དང་། བོད་རྒྱལ་ཡོངས་ལྷན་ཚོགས་འཛུགས་ཆེད་དུ་འབྲེལ་མཐུད་ཚོགས་ཆུང་ཞིག་ཀྱང་གསར་འཛུགས་བྱས་ཡོད་པས། ཚོགས་འདུ་དེའི་མཇུག་སྐྱོང་གི་ཆེད་དུ་ཟླ་འདིའི་ཚེས་༢༧ རྡ་ས་རང་བཙན་སྐོར་གྱི་ཚོགས་འདུ་དེ་འཚོགས་ཞིག་ཡིན་པ་རེད།།