ང་ཚོས་བདེན་པ་བཤད་དགོས་ཀྱི་ཡོད་རེད།

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས། སྐབས་རེར་ཚོང་འབྲེལ་རྒྱབ་ཁབ་ལ་ཕོག་ཐུག་འགྲོ་ཡི་ཡོད་ནའང་། དམངས་གཙོའི་རིང་ལུགས་ཤིག་ཡིན་པའི་ཆ་ནས་ང་ཚོས་བདེན་པ་བཤད་དགོས་ཀྱི་ཡོད་རེད་ཅེས་བོད་དོན་རྒྱབ་སྐྱོར་བྱས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པི་ཊར་སི་ལི་པར་ (Peter Slipper) མཆོག་གི་གཙོས་པའི། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་ཌེན་བྷེ་ Michael Danby སོགས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། དེ་བཞིན་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་ཚོགས་མི་སྐུ་ཞབས་ཝར་རེན་ཨ་ཡིན་སི་ཊ་ཤི་ Warren Entsch མཆོག་དང། བོད་དོན་རྒྱབ་སྐྱོར་བས་གཙོས་པའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གི་གནད་ཡོད་མི་༣༠ ཙམ་དང་ཐུག་འཕྲད་ཀྱིས།

བཀའ་ཁྲི་མཆོག་གིས་བོད་རྒྱ་གཉིས་ཀྱི་འབྲེལ་བའི་སྐོར་དང་བོད་མིའི་མང་གཙོའི་འཕེལ་རིམ། དབུ་མའི་ལམ་གྱི་ངོ་སྤྲོད། དེ་བཞིན་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་སོགས་ཀྱི་གནད་དོན་ཐོག་གསལ་བཤད་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་རྣམ་པས་ཧ་ཅང་དོ་སྣང་ཆེན་པོ་གནང་ཡོད་པ་མ་ཟད། རྒྱབ་སྐྱོར་གྱི་རྣམ་པ་ཡང་ཤུགས་ཆེ་བཏོན་ཡོད་འདུག་ལ།
དེ་བཞིན་ཉིན་དེར་སྐུ་ཞབས་མེ་ཁལ་ཌེན་བྷེ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་ནང་གསུང་བཤད་གནང་དོན། ང་ཚོ་མང་གཙོ་དོན་གཉེར་བ་ཡིན་པར་བརྟེན། ང་ཚོའི་ཚོང་འབྲེལ་བྱེད་སའི་རོགས་པ་ཚོས་ཉན་འཇོག་བྱེད་མིན་ལ་མ་ལྟོས་པར་སྐད་ཆ་དྲང་བདེན་ཤོད་དགོས། སྐད་ཆ་དྲང་པོར་བཤད་ན་བོད་མི་ཚོས་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་ཡི་གདུག་རྩུབ་འོག་དཀའ་སྡུག་མྱངས་ཏེ། མཐར་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེག་གཏོང་དགོས་པ་ཆགས་ཡོད། བྱ་སྤྱོད་དེས་བོད་མི་ཚོ་ད་ཆ་འ་ཆད་འུ་ཐུག་གི་གནས་སྟངས་འོག་ཡོད་པ་གསལ་སྟོན་བྱེད་བཞིན་ཡོད། ངས་བསམ་པར་བྱ་སྤྱོད་དེ་བོད་མི་ཚོས་རང་དབང་ཆེད་འཐབ་རྩོད་བྱ་རྒྱུའི་ཆོད་སེམས་སྔར་བས་སྲ་བརྟན་དུ་སོང་བའི་མཚོན་རྟགས་ཤིག་རེད་ཅེས་གསུངས་འདུག
དེ་བཞིན་བཀའ་བློན་ཁྲི་པ་མཆོག་གིས་ཨོ་སི་ཊོ་ལི་ཡའི་ས་གནས་བོད་རིགས་རྣམས་ལ་ཐུག་འཕྲད་གནང་ཡོད་པ་དང་། ཐེངས་འདིར་བཀའ་ཁྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཀེན་བྷེ་རའི་ནང་ཉིན་གསུམ་གྱི་ཕྱོགས་ཕེབས་སྐབས། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ ༤༥ ཙམ་དང་མཇལ་འཕྲད་གནང་འཆར་ཡོད་པ་རེད་འདུག

ཁྱེད་ཀྱིས་གཟིགས་མེད་སྲིད།