བདེ་སྐྱིད་གླིང་མང་གཙོ་ཚོགས་པའི་དུས་དྲན།
ཕྱི་ཟླ་༦ པའི་ཚེས་༣༠ ནས་ཉིན་གཉིས་རིང་བདེ་སྐྱིད་གླིང་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་༡༦ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། ས་གནས་རྒྱུན་ལས་སྐབས་༧ པའི་ལས་དུས་ཡོངས་སུ་འཁྱོལ་ཏེ། ས་གནས་རྒྱུན་ལས་གསར་རྙིང་རྩིས་སྤྲོད་རྩིས་ལེན་བྱས་ཡོད་པ་རེད།
ས་གནས་རྒྱུན་ལས་སྐབས་༨ པའི་ཚོགས་གཙོ་ཚེ་རིང་དབྱངས་འཛོམས། ཚོགས་གཞོན་ཡེ་ཤེས་ཕུན་ཚོགས། དྲུང་ཆེ་ཉི་མ་དགྲ་འདུལ། དངུལ་གཉེར་ཟླ་བ་སྒྲོལ་མ། མཐུན་འབྲེལ་འགན་འཛིན་དང་རྩིས་པ་གཅིག་ལྕོག་ཆོས་གྲགས་བཅས་གསར་འདེབས་བྱུང་ཡོད་པ་རེད།
རྒྱུན་ལས་རྙིང་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ། ཚོགས་གཞོན་བསོད་ནམས་དབང་འདུས། དྲུང་ཆེ་འཆི་མེད། རྩིས་པ་ཡེ་ཤེས་བཟང་མོ། དངུལ་གཉེར་པད་སྒྲོན། དཔལ་འབྱོར་འགན་འཛིན་ཆུང་བདག་ལགས་བཅས་ནས་རྒྱུན་ལས་རྩིས་ལེན་གནང་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་དང་། སྤྱི་ཁྱབ་དྲུང་ཆེ་སེར་སྨད་བློ་དགའ་གཉིས་ཕེབས་ཡོད་པ་རེད། ཚེས་༡ ཉིན་གྱི་སྔ་དྲོ་ཕྱག་ཚོུད་༩ ནས་བདེ་སྐྱིད་གླིང་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་རྒྱུན་ལས་གསར་པའི་གོ་སྒྲིག་འོག་ས་གནས་མང་ཚོགས་ལ། བོད་ཀྱི་མང་གཙོའི་འཕེལ་རིམ་ངོ་སྤྲོད་ཅེས་པའི་ཚོགས་འདུ་ཞིག་གོ་སྒྲིག་ཞུས་པ་ལྟར། ཚོགས་ཐོག་ཏུ་དབུས་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ཀྱིས་གསུང་བཤད་དང་མང་ཚོགས་ནས་དྲི་བ་དྲིས་ལན་བཅས་བྱས་ཡོད་པ་རེད།།
གནས་ཚུལ་མཁོ་གཏོང་བ། ཉི་མ་དགྲ་འདུལ།