འཁྲུངས་སྐར་ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
༧གོང་ས་མཆོག་གི་སྐུ་ཕྱྭ་ནི། གཙོ་བོ་ཁོང་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དང། སྤྱི་མཐུན་གྱི་བསོད་ནམས་ལ་རག་ལུས་ཡོད་པ་བླ་ལྷ་ཡོངས་ཀྱིས་གསུང་གཅིག་གྲགས་ལ་བརྟེན། དེ་དོན་བོད་མི་ཡོངས་ཀྱིས་ཉམས་ལེན་དགོས་སྐོ་སྤྱི་འཐུས་ལྷན་ཚོགས་ནས་གསུངས་སོང།
༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་གསུང་བཤད།
དེ་རིང་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་ཁམས་གསུམ་ཆོས་ཀྱི་ རྒྱལ་པོ། བོད་དང་བོད་མིའི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ ༸སྐུའི་འཁྲུངས་སྐར་གྱི་དུས་བཟང་འདིར་ཕེབས་པའི་སྐུ་མགྲོན་ཡོངས་ལ། གུས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
མགོན་པོ་གང་ཉིད་འགྲོ་བ་སྤྱི་དང། ལྷག་པར་གང་ཉིད་ཀྱི་གདུལ་ཞིང་དུ་བདག་གིར་བཞེས་པ་ཁ་བ་རི་པའི་སྐྱེ་འགྲོ་རྣམས་ ཀྱི་སླད་བོད་རབ་བྱུང་ ༡༦ པའི་ཤིང་ཕག་ཟླ་བ་ ༥ ཚེས་ ༥ དང། ཕྱི་ལོ་ ༡༩༣༥ ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་བོད་མདོ་སྨད་སྐུ་འབུམ་སྟག་འཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བདེ་ སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་ངོ་མཚར་རྨད་དུ་བྱུང་བའི་མཚན་ལྟས་དུ་མ་དང་བཅས་ སྐུ་བལྟམས་པའི་བཀྲ་ཤིས་རྫོགས་ལྡན་གྱི་ཉིན་མོ་འདིར་སྒོ་གསུམ་མི་ཕྱེད་དད་པས་ གང་གི་ཞབས་རྡུལ་སྤྱི་བོར་མཆོད་དེ་འཚམས་ཞུ་དང་སྦྲགས། བསྟན་འགྲོ་སྤྱི་དང་བདག་ཅག་གངས་ཅན་སྐྱེ་འགྲོ་ཀུན་གྱི་མགོན་སྐྱབས་དང་དཔུང་གཉེན་དམ་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང། དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་གསུང་གི་བདུད་རྩིའི་ཆུ་རྒྱུན་ཡན་ལག་མཆོག་མའི་རྩེ་མོར་སྩོལ་བའི་གསོལ་འདེབས་ཉིན་མཚན་དུས་ཀུན་ཏུ་ཞུ་རྒྱུ་ཡིན།
དེ་ཡང་མགོན་པོ་གང་གིས་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་གདུལ་ཞིང་དུ་ བཟུང་སྟེ་རྒྱལ་བློན་བྱང་ཆུབ་སེམས་དཔའ་སོགས་ཀྱི་ངོ་བོར་མི་ཡི་རྣམ་རོལ་དུ་མར་ བྱོན་ནས་བསྟན་པ་དང་འགྲོ་བའི་མཛད་དོན་རྒྱ་ཆེར་བསྐྱངས་པ་དང་༸རྒྱལ་མཆོག་ལྔ་པ་ ཆེན་པོ་མཆོག་ནས་བཟུང་བོད་ལྗོངས་ལུགས་ཟུང་གི་མངའ་དབང་བདག་གིར་བཞེས་ཏེ་བོད་ འབངས་སྐྱེ་འགྲོ་རྣམས་ཆོས་སྲིད་ལུགས་གཉིས་ཀྱི་མངའ་ཐང་རྒྱས་པར་མཛདཁྱད་པར་དུ་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་འབངས་ སྐྱེ་འགྲོའི་བདེ་ཐབས་སླད་བོད་ཀྱི་ཆབ་སྲིད་ལམ་ལུགས་སྐྱོང་ཕྱོགས་ལ་བཅོས་ བསྒྱུར་རླབས་པོ་ཆེ་མཛད་རྒྱུའི་ཐུགས་འདུན་ཤུགས་དྲག་དང་བཅས་དབུ་འཛུགས་མཛད་ ཀྱང། རྒྱ་དམར་གྱིས་བོད་ནང་བཙན་འཛུལ་བྱེད་འགོ་ཚུགས་ཏེ་ཐུགས་ཀྱི་བཞེད་དགོངས་ཇི་ བཞིན་མ་འགྲུབ་ཁར། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་བཟུང་བྱས་པར་ བརྟེན་རྒྱ་གར་འཕགས་པའི་ཡུལ་དུ་བོད་མི་འབུམ་ཕྲག་ལ་ཉེ་བ་བཅས་བཙན་བྱོལ་དུ་མ་ ཕེབས་ཐབས་མེད་དུ་གྱུར། རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་འཁོད་མ་ཐག་བོད་མིའི་སློབ་གྲྭ་ཁག་དང། དགོན་སྡེ་ཁག གཞིས་ཆགས་སོགས་ཆེད་འཛུགས་མཛད་ཅིང། ལྷག་པར་ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་བཙན་བྱོལ་བོད་མིའི་མང་གཙོ་གསར་གཏོད་གནང་བ་ནས་མང་གཙོ་ཡང་དག་པའི་ ངོ་བོར་ཐེག་པ་རིམ་འཛེགས་ཀྱིས་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱ་རྒྱུའི་ལམ་ལུགས་དང། དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཆ་ཚང་མི་མང་གིས་ཐད་ཀར་འོས་འདེམས་བྱས་ པའི་འགོ་འཁྲིད་རྣམས་ལ་རྩིས་སྤྲོད་གནང་སྟེ་ད་ཆ་བཙན་བྱོལ་བོད་མིའི་སྒྲིག་ འཛུགས་འདི་ཉིད་ཁྲིམས་མཐུན་གྱི་གནས་བབ་ལྡན་པའི་མང་གཙོའི་ལམ་ལུགས་སྲ་བརྟན་ཅན་ ཞིག་ཏུ་བསྒྱུར་གནང་མཛད་པ་སོགས་མགོན་པོ་གང་གི་ཆོས་སྲིད་ཀྱི་རླབས་ཆེན་མཛད་ འཕྲིན་མཐའ་དག་ལ་འཛམ་གླིང་ས་ཕྱོགས་ཡོངས་ནས་མངོན་པར་བསྟོད་དེ་འཛམ་གླིང་ནོ་ སྦེལ་ཞི་བདེའི་གཟེངས་རྟགས་གཙོས་ཆེ་བསྟོད་ཀྱི་གཟེངས་རྟགས་དང་ཕྱག་འཁྱེར་སོགས་ བརྒྱ་ཕྲག་དུ་མ་འབུལ་ལམ་ཞུས་ཡོད་ལ། འདས་མ་ཐག་པའི་ལོ་ཁོ་ནར་མཚོན་ནའང་མེས་པོ་དམ་པ་གྷན་དྷིའི་ཞིི་བདེ་དང་འཆམ་ མཐུན་གྱི་གཟེངས་རྟགས་དང། བོད་བརྒྱུད་ནང་བསྟན་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོར་བསྐྱར་ནན་མངའ་གསོལ་ གྱི་གཟེངས་རྟགས། ཨ་རིའི་གྲོང་ཁྱེར་ཁལ་ལི་ཕོར་ནི་ཡའི་གྲོང་ཁྱེར་སན་ཌི་ཡ་གོའི་ (San Diego) གཙུག་ལག་སློབ་གྲྭ་ནས་ཞི་བདེའི་གཟེངས་རྟགས། ཨ་རིའི་གྲོང་ཁྱེར་ཆི་ཁ་གོར་ཡོད་པའི་ (Loyola University) ལོ་ཡོ་ལ་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བྱམས་པ་ དང་སྙིང་རྗེ། ཀུན་ཁྱབ་འགན་འཁུར། འཚེ་མེད་ཞི་བ། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་འཕེལ། ནང་ཆོས་དང་ཚན་རིག་དབར་འབྲེལ་ལམ་བཅས་ཀྱི་ཆེད་རླབས་ཆེན་གྱི་མཛད་འཕྲིན་འགྲན་ ཟླ་བྲལ་བ་བསྐྱངས་དང་སྐྱོང་མུས་ལ་དབྱིན་ཡུལ་གྱི་ཇོན་ཊེམ་པལ་ཊོན་ (John Templeton) ཞེས་པའི་སྙན་གྲགས་ཅན་གྱི་གཟེངས་རྟགས་དེ་བཞིན་འབུལ་བཞེས་གནང་ཡོད།
དེ་བཞིན་འདས་ལོའི་ནང་འཛམ་གླིང་ཡུལ་གྲུ་ཨ་རི་དང། སུད་སི། ཕ་རན་སི། ཕིན་ལེནཌ། འཇར་མན། ཁེ་ཎ་ཌ། མེཀ་སི་ཀོ ཨར་ཇེན་ཊི་ན། བྷར་ཛིལ། སོག་ཡུལ། ཉི་ཧོང། ཅེག་སྤྱི་མཐུན་རྒྱལ་ཁབ། དབྱིན་ཡུལ། སོ་ལོ་ཝི་ནི་ཡ། ཨོ་སི་ཊི་རི་ཡ། ཨི་ཊ་ལི། བྷེལ་ཇམ། རྒྱ་གར་གྱི་རྒྱལ་ས་ལྡི་ལིས་གཙོས་གྲོང་ཁྱེར་དང་ས་ཁུལ་ཁག་བཅས་སུ་ཆིབས་བསྒྱུར་ བཀའ་དྲིན་བསྐྱངས་ཏེ་ཆོས་ལུགས་ཀྱི་དབུ་འཁྲིད་བླ་ཆེན་ཁག་སོགས་དང། ཆབ་སྲིད་ཀྱི་གལ་ཆེའི་མི་སྣ་སྲིད་འཛིན་དང་སྲིད་བློན་ལས་ཟུར། གྲོས་ཚོགས་ཀྱི་འཐུས་མི་སོགས་མཇལ་འཕྲད་དང། རྒྱལ་ཁབ་དེ་དག་ནང་གི་སློབ་ཕྲུག་དང། མང་ཚོགས་བཅས་པར་འདི་ཕྱི་འཕྲལ་ཡུན་ཀུན་ལ་སྨན་པའི་བརྗོད་གཞི་འདྲ་མིན་ཐོག་གལ་ ཆེའི་བཀའ་སློབ་ལམ་སྟོན་ཟབ་གསལ་སྩལ་གནང་བཀའ་དྲིན་བསྐྱངས་པས་མ་ཚད། དབང་པོ་སྐྱོན་ཅན་དང། ཆུ་ལོག་གི་གོད་ཆག་བྱུང་སར་ཆེད་ཕེབས་ཀྱིས་མཇལ་ཁ་དང། སྙིང་སྟོབས་བསྐྱེད་དགོས་པ་སོགས་ཀྱི་བཀའ་སློབ་དང་ཞལ་འདེབས་གསོལ་སྩལ་བཅས་ ཀྱིས་དབུགས་དབྱུང་མཛད་པ། དེ་བཞིན་ས་ཡོམ་གྱི་གོད་ཆག་བྱུང་སར་ཞབས་ཀྱིས་བཅགས་ཏེ་ཐུགས་སྨོན་དང། སེམས་གསོ། སྙིང་སྟོབས་སྦྱིན་གནང་མཛད་པ། ལྷག་པར་འདས་པའི་ལོ་གཅིག་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༡ པ་དང་ ༣༢ པ་བཀའ་དྲིན་སྩལ་བ། ཁེ་ཎ་ཌར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ ཐེངས་ ༦ པའི་དབུ་འབྱེད་མཛད་སྒོར་༸ཞབས་ཀྱི་པདྨོ་རྣམ་པར་བཀོད་དེ་བཀའ་སློབ་བཀའ་དྲིན་ སྩལ་བ་སོགས་མཛད་འཕྲིན་མཐའ་ཡས་པ་བསྐྱངས་དང་སྐྱོང་བཞིན་པ་རྣམས་བརྗོད་ཀྱིས་མི་ལངས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཇི་ཙམ་རྒྱས་པ་དེ་ཙམ་གྱིས་འཛམ་གླིང་སྐྱེ་འགྲོའི་བདེ་སྐྱིད་སྤྱི་དང་། ལྷག་པར་བོད་དོན་བདེན་མཐའ་མྱུར་གསལ་ཡོང་ཐབས་དང་བོད་མིའི་བདེ་སྐྱིད་བཅས་ལ་ཕན་ རླབས་ཤིན་ཏུ་ཆེ་བ་སྨོས་མེད་ལ་བརྟེན་མགོན་པོ་གང་གིས་མཛད་འཕྲིན་བསྐྱངས་དང་ སྐྱོང་བཞིན་པའི་བཀའ་དྲིན་ནི་བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་སྟོང་གསུམ་རིན་ཆེན་བདུན་གྱིས་བཀང་སྟེ་བསྐལ་བརྒྱར་ཕུལ་ཡང་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་ཡང་གཞལ་བར་མི་ནུས་ཀྱང་གཞིས་བྱེས་བོད་མི་ཡོངས་ཀྱི་ ཚབ་ཞུས་ཏེ་སྒོ་གསུམ་གུས་ཕྱག་དང་བཅས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་ བ་དང་ཆབས་ཅིག མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང། ཁྱད་པར་ཁ་བའི་ལྗོངས་ཀྱི་ཆེས་ཉམ་ཐག་པའི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་༸ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་མཛད་འཕྲིན་སྔར་བཞིན་རྒྱ་ཆེ་ ལ་རྒྱུན་མི་ཆད་པར་སྐྱོང་གནང་ཡོང་བའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༠ ལོར་མགོན་པོ་གང་ཉིད་བགྲེས་ཡོལ་དུ་ཕེབས་བཞེད་སྐོར་གྱི་བཀའ་སློབ་རིམ་པར་ཕེབས་ ཡོད་ལ་བཀའ་སློབ་དེ་དག་བོད་འབངས་བསྟན་སྲིད་ཀྱི་འཕྲལ་ཕུགས་བདེ་ཐབས་སུ་ཐུགས་ བརྩེ་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་དགོངས་གཞི་ཡིན་པ་སྨོས་ཅི་དགོས། འོན་ཀྱང་གཞིས་བྱེས་བོད་མི་རྣམས་བློ་འཚབ་དང་སེམས་ངལ་ཅི་ཆེའི་ངང་དེ་ལྟའི་ དགོངས་བཞེས་ནམ་ཡང་མི་མཛད་པའི་གསོལ་འདེབས་༸སྙན་ཞུ་རིམ་པར་ཕུལ་ཡོད་པ་ལྟར་བོད་ མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་ཀྱང་། བདག་ཅག་བོད་ཁ་བ་རི་པ་རྣམས་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་དང་བཀའ་དྲིན་ཉག་ གཅིག་གིས་འཚོ་བ་དང། མགོན་པོ་གང་ཉིད་ཀྱི་གདུལ་ཞིང་ངམ་སྐྱོང་ཡུལ་དུ་སངས་རྒྱས་ཀྱི་བཀའི་ལུང་གིས་ ཟིན་པའི་ཐོག་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཡོད་པ་བཅས་བོད་འབངས་རྣམས་ མགོན་པོ་གང་ཉིད་ཀྱི་ཆོས་སྲིད་ཀྱི་ཡང་དག་པའི་དབུ་འཁྲིད་ལས་བསྐལ་པ་ཇི་སྲིད་བར་དུའམ་དུས་ནམ་ཡང་འབྲལ་ཐབས་མེད་ངེས་ལགས་པའི་གནས་ལུགས་དང། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ ཐེངས་དང་པོའི་རྒྱབ་གཉེར་སྙན་ཐོ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་རྗེས། ལྷག་པར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ། ཕྱི་ལོ་ ༢༠༡༠ ཡི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་དང་པོ་ཉིད་དུ། “སྤྱི་ནོར་༸གོང་ས༌༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་ དབུ་འཁྲིད་དང། བོད་གཞུང་གི་དབུ་འཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་སྦྲགས་མགོན་པོ་གང་གིས་ ཕྱེད་བགྲེས་ཡོལ་ཡིན་པའི་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་ བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོོང་བཞིན་པར་བརྟེན་དེ་འདྲའི་དགོངས་ བཞེས་ནམ་ཡང་མི་མཛད་པའི་ཚོགས་ཆེན་འདི་ཐོག་ནས་༸སྙན་གསན་ཞུ་རྒྱུ།”ཞེས་གསོལ་ འདེབས་༸སྙན་ཞུ་འབུལ་ལམ་ཞུས་ཡོད།
དེ་རྗེས་ཕྱི་ལོ་ ༢༠༡༡ ཟླ་བ་ ༣ པའི་ཚེས་ ༡༤ ཉིན་མགོན་པོ་གང་ཉིད་ཀྱིེས་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་ཀྱིས‘‘ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་འཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས’’ཞེས་སོགས་ཕེབས་པར་བརྟེན། ལས་ཉིན་བཞིའི་རིང་གྲོས་ཚོགས་དང་བཞུགས་མོལ་ཚོགས་འདུ། ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་ཞིབ་ཕྲ་ཞུས་མཐར“མགོན་པོ་གང་གིས་བོད་མིའི་ ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་མཛད་ཁུར་མུ་མཐུད་སྐྱོང་བཞེས་ཡོང་ བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ”ཞེས་སོགས་ཀྱི་གྲོས་ཆོད་སྐུ་སྒེར་དྲུང་ ཆེ་བརྒྱུད་༸སྙན་གསན་ཞུས་ཡོད། དེར“༸གོང་ས་མཆོག་གིས་དགོངས་བཞེས་ཐག་གཅོད་ལ་འགྱུར་བ་མེད་གཤིས་གྲོས་ཆོད་ནང་ གསལ་ལ་དགོངས་བཞེས་གནང་ཐབས་མ་བྱུང་བས་ཕྱིར་སློག་ཞུ་དགོས་ཀྱི་བཀའ་ཕེབས་ འདུག”ཅེས་བཀའ་ལན་ནན་མོ་ཕེབས་སྟབས་སྤྱི་འཐུས་བཞུགས་མོལ་ཚོགས་འདུ་དང་ལས་འཆར་ ཚོགས་ཆུང་། དེ་མིན་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཆ་བགོས་ཀྱིས་ཚོགས་ཆུང་སོ་སོ་བཅས་སུ་ བགྲོ་གླེང་མཐིལ་ཕྱིན་པ་གནང་སྟེ། གསུང་འཕྲིན་གྱི་དགོངས་དོན་ཉམས་ལེན་ཞུ་སླད། ཚོགས་གཙོ་སྦྲེལ་པོས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་ བྲིས་ཚོགས་ཆུང་ཞིག་བསྐོ་གཞག་གནང་བའི་སྙན་ཐོ་ལྟར། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གནང་བའི་ཚོགས་ཆེན་ དེའི་ཐོག་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་ནས་བོད་རྒྱལ་ ཁབ་ཀྱི་དབུ་འཁྲིད་ཀྱི་མཛད་འཁུར་བཞེས་རྒྱུར་སྤྱི་མོས་ཀྱིས་གསོལ་བ་ཕུར་ཚུགས་ སུ་བཏབ་པར་ཞལ་བཞེས་མ་མཛད་པར་བརྟེན། སྔ་ལོ་ཕྱི་ཟླ་ ༥ པའི་ཚེས་ ༢༦ ནས་ ༢༨ བར་གྲོས་ཚོགས་ཚོགས་དུས་འཕར་མ་ཚོགས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་ བཅོས་ཐེངས་ ༢༥ པ་གཏན་ལ་ཕབ་སྟེ་དེའི་ནང་གསལ་ལྟར་མགོན་པོ་གང་གིས་གསོལ་སྩལ་གནང་བའི་ཆབ་སྲིད་ དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ འཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་བཅས་ནི་དངོས་ཡོད་ཀྱི་བྱུང་རིམ་ཞིག་ཡིན་པ་ དང་། དེ་མིན་དངོས་བྱུང་གནས་ཚུལ་དང་ཡོངས་སུ་མི་མཐུན་པའི་སྒྲོ་སྐུར་རིགས་ལ་ཆ་འཇོག་ དང་ཡིད་ཆེས་བྱ་དགོས་དོན་མེད་པའང་ཀུན་གྱིས་མཁྱེན་དགོས་པའི་དོན་གནད་གལ་ཆེ་ ཞིག་ཡིན། མཐའ་དོན་སྐུ་དབང་རྩིས་སྤྲོད་ལ་བཀའ་བརྩི་དང་ལེན་མི་ཞུ་ཀ་མེད་བྱུང་རྗེས་ད་བར་ དུས་ཡུན་ཐུང་ངུ་ཞིག་ལས་སོང་མེད་ནའང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་ སྟངས་མགོན་པོ་གང་གི་དགོངས་གཞི་དང་ལམ་སྟོན་རིམ་ཕེབས་ལས་མི་འགལ་བར་ཐུགས་རེ་ བཞིན་བོད་མི་ཡོངས་ཀྱིས་མང་གཙོ་དང་རང་དབང་གི་ལམ་བུར་ལེགས་པར་ཤར་བསྐྱོད་བྱེད་བཞིན་ཡོད་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་ཐད་ཀའི་དབུ་འཁྲིད་མ་མཛད་པར་གཞིས་བྱེས་བོད་མི་རྣམས་བློ་བདེ་བག་ཕེབས་ཤིག་ད་དུང་ཡོང་གི་མེད་པས། ད་ལྟའི་ཆར་བོད་མི་ཡོངས་ཀྱིས་དམ་ཚིག་འོ་ཆུ་གཅིག་འདྲེས་ངང་རང་འགན་འཁུར་ལེན་ དང་། ཕྱར་གྲུ་མཉམ་འདེགས་ཀྱི་ནུས་ཤུགས་སྔར་བས་ཆེ་བ་འདོན་རྒྱུའི་དམིགས་བསལ་དུས་བབ་ཅིག་ལ་སླེབས་ཡོད་པའི་དྲན་སྐུལ་ནན་ཏན་ཞུ་ཡི་ཡོད།
བོད་ལྗོངས་འདི་བཞིན་རྒྱ་ནག་དམར་པོའི་གཞུང་གིས་བཙན་བཟུང་བྱས་པ་ནས་བཟུང། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཆེད་བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་ དངོས་སུ་ལག་བསྟར་བྱས་ཏེ་བོད་ས་ཡོངས་རྫོགས་མངའ་སྡེའམ་ཞིང་ཆེན་མང་པོའི་ནང་ དུམ་བུར་ཁ་བྲལ་དུ་བཏང་བ་དང་། བོད་མདོ་དབུས་ཁམས་གསུམ་གྱི་གདན་ས་ཆེ་ཁག་ཏུ་སྔར་སྲོལ་གྱི་ཐོབ་ཁོངས་སོ་སོར་ ཆོས་ཕྱོགས་ཀྱི་སློབ་གཉེར་བ་སྒྲིག་ཞུགས་མི་ཆོག་པ་མ་ཟད། རྒྱ་གཞུང་གིས་ཆེད་བཙུགས་བྱས་པའི་ལས་ཁུངས་“དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང’’ ཞེས་པས་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཆོས་མེད་རིང་ལུགས་གུང་ཁྲན་ གྱི་ལྟ་གྲུབ་དང་སྲིད་བྱུས་སློབ་སྦྱོང་དང་། དྲིལ་བསྒྲགས་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་དང་སྤེལ་མུས་ཐོག བོད་མིས་རང་གི་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་ལ་སྲུང་སྐྱོབ་ཀྱི་བྱ་བ་ བསྒྲུབ་ན་མེས་རྒྱལ་ཁ་བྲལ་གྱི་ཞྭ་མོ་གཡོགས་ཏེ་གྲངས་ཉུང་མི་རིགས་ཀྱི་སྲིད་ བྱུས་དང་འགལ་བའི་མི་རིགས་དབྱེ་འབྱེད་ཀྱི་རྡུང་རྡེག་ཚ་ནན་འོག་བོད་མི་རྣམས་ ཉིན་མཚན་འཁྱོལ་དཀའ་བར་གྱུར་ནས་བོད་ནང་རྒྱ་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་བར་ མཚམས་མ་ཆད་པར་བྱུང་ཡོད།
ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་དང། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་རྔ་པ་ནས་ཡིན་པ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ནས་ ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༧ ཉིན་རང་ལུས་མེར་བསྲེགས་གནང་མཁན་སྒ་སྐྱེ་རྒུ་མདོ་ནས་ཡིན་པ་བདེ་སྐྱིད་ཆོས་ འཛོམས་ལགས་བར་ཁྱོན་བོད་མི་སྐྱ་སེར་གྲངས་ ༤༢ ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། དེ་དག་གི་ཁྲོད་ནས་མི་གྲངས་ ༣༡ གི་སྐུ་སྲོག་ཤོར་བ་བཅས་གཞིས་ལུས་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མིའི་ བདེན་དོན་སྤྱི་དང། ཁྱད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ པ། བོད་མི་ཚོར་རང་དབང་དང་ཐོབ་ཐང་དགོས་པ། བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་མཚམས་འཇོག་དགོས་པ་སོགས་ཀྱི་ དགོས་འདུན་དང་བཅས་འཚེ་མེད་ཞི་བའི་སྒོ་ནས་བློས་བཏང་ཆེན་པོས་རང་ལུས་མེར་ བསྲེགས་སོགས་ཀྱི་ལས་འགུལ་སྔ་རྗེས་རིམ་པར་སྤེལ་བའི་ཁྲོད་རྩ་ཆེའི་སྐུ་སྲོག་ ཤོར་བ་དང། ད་དུང་དེ་བས་མང་བ་འཛིན་བཟུང་དོ་དམ་འོག་གར་སོང་ཆ་མེད་དང་སྡུག་སྦྱོང་མནར་གཅོད་མི་བཟད་པ་མྱངས་དང་མྱོང་བཞིན་པ་རྣམས་ལ་བཙན་བྱོལ་བོད་མི་ཡོངས་ཀྱིས་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ཁོང་ཚོའི་དགོས་འདུན་རྣམས་ཡོངས་སུ་མངོན་འགྱུར་ཡོང་ཐབས་སུ་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༨ ནས་ཉིན་གྲངས་བཞིའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་ཐུན་མོང་གིས་གོ་ སྒྲིག་འོག་འཛམ་གླིང་ས་ཕྱོགས་ཀུན་ཏུ་གནས་པའི་བོད་མི་ཚོས་གདུང་སེམས་མཉམ་ བསྐྱེད་ཀྱི་གཞུང་འབྲེལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༩ ཉིན་ནས་སྤྱི་ལྷན་གྱི་སྐུ་ཚབ་རྣམ་པ་ལྡི་ལིར་ཕེབས་ཏེ་བདུན་ཕྲག་གཅིག་རིང་རྒྱ་ གར་གནད་ཡོད་ཀྱི་དཔོན་རིགས་དང། ཕྱི་རྒྱལ་གཞུང་ཚབ་ཁག་གི་དཔོན་རིགས་དང་མཇལ་འཕྲད་ཀྱིས་བོད་ནང་ཛ་དྲག་གི་གནས་ སྟངས་ངོ་སྤྲོད་དང། འདི་ལོ་ཆུ་འབྲུག་ལོའི་ལོ་གསར་ཚེས་གཅིག་གི་ཉིན་སྤྱི་འཐུས་རྒྱུན་ལས་གཙོས་རྡ་ ས་བཞུགས་སྒར་ཁུལ་གྱི་སྤྱི་འཐུས་རྣམ་པས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མང་ ཚོགས་ཀྱི་སྣེ་འཁྲིད་དེ་ཟས་བཅད་ངོ་རྒོལ་གྱི་ཞི་བའི་ལས་འགུལ་སྤེལ་བ། དེ་བཞིན་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༣ པར་རྒྱལ་སྤྱིའི་ཁྱོན་ནས་བདེན་རྒྱབ་དཔུང་རོགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་སོགས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་བརྒྱད་ཅན་ཞིག་དང་། བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་རང་དབང་རྩོད་ལེན་ཆེད་ལུས་སྲོག་ ལོངས་སྤྱོད་ཡོངས་སུ་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་རྗེས་ དྲན་གྱིས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ ཀྱི་ཟུར་སྣོན་གྲོས་ཆོད་དོན་ཚན་བརྒྱད་ཅན་བཅས་བཞག་ཡོད།
གཞན་ཡང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ ཐེངས་དྲུག་པའི་ཐོག་ཕྱི་ལོ་ ༢༠༠༩ ལོ་ཚུན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སོགས་ཀྱི་ལས་དོན་ཆེ་ཁག་ལ་བསྐྱར་ཞིབ་དང་འབྲེལ་བའི་མཇུག་གནོན་གནང་ཕྱོགས་སོགས་ ཀྱི་བརྗོད་གཞི་མི་འདྲ་བ་ཁག་དྲུག་ཙམ་ལ་བགྲོ་གླེང་གནང་བ་མ་ཟད། བོད་དོན་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་མོས་མཐུན་དང་ཐག་གཅོད་གནང་ཡོད་ལ། འཐུས་མི་མང་པོ་ལས་གྲུབ་པའི་ཚོགས་ཆེན་དེས་ཨོ་ཊ་ཝའི་བསྒྲགས་གཏམ་ཞེས་པ་ཞིག་ ཀྱང་སྤེལ་ཐུབ་པ་བྱུང་ཡོད། དེ་བཞིན་འཛམ་གླིང་ཡུལ་གྲུ་ཁག་གི་གྲོས་ཚོགས་འཐུས་མིར་འབྲེལ་མོལ་དང་འབོད་ སྐུལ་གྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཀྱང་འཇོག་ཐུབ་པ་བཅས་ཛ་དྲག་གི་ ལས་འགུལ་སྣ་མང་སྤེལ་དང་སྤེལ་འཆར་ཡོད།
ལྷག་པར་དུ་དེ་རིང་གི་དུས་ཚེས་ཁྱད་པར་ཅན་འདི་ནས་བཟུང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་ འགུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་རྒྱུ་དང། དེ་ཡང་རྒྱ་གར་ནང་སྐོར་བསྐྱོད་ཁག་གསུམ་སྟེ་ལ་དྭགས་སླེ་དང། ཤིས་ལོངས། ཀོ་ཅི་བཅས་སོ་སོ་ནས་འགོ་འཛུགས་ཀྱིས་རིམ་བཞིན་ལྡི་ལི་བར་དང། དེ་དང་ཕྱོགས་མཚུངས་བྱང་ཨ་རི་དང། ཡུ་རོབ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཡོད་སའི་ས་ཁུལ་ཁག་ཏུའང་ བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༢ ནས་འགོ་འཛུགས་ཀྱིས་སྤེལ་རྒྱུ་མ་ཟད། བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་ས་ཁུལ་སོ་སོར་མང་ཚོགས་འདུ་འཛོམས་ཐོག་གཏམ་ བཤད་དང་། གསར་འགོད་ལྷན་ཚོགས་ཞུ་སྙན་འབུལ་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་ས་རྟགས་བསྡུ་རུབ་བྱ་རྒྱུ་སོགས་བྱས་ཏེ། ཕྱི་ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་ཁུངས་དང། སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ ཐོབ་ཐང་ལྷན་ཚོགས་ཀྱི་ལས་ཁུངས། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ ཁུངས་བཅས་སོ་སོར་བདེན་པའི་མེ་ལྕེ་རེ་རེ་དང། བསྡུ་རུབ་ཟིན་པའི་ས་རྟགས་ཕྱོགས་སྒྲིག་ཞུས་པ་ཁག་རེ་རེ་འབུལ་ལམ་ཞུས་ཏེ་ལས་ འགུལ་མཇུག་བསྒྲིལ་ཞུ་རྒྱུ་ཡིན་པས་ས་ཁུལ་སོ་སོར་ལས་འགུལ་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་མཉམ་རུབ་ ཀྱིས་རྒྱབ་སྐྱོར་ལྷོད་མེད་ངེས་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ལས་འགུལ་གྱི་དགོས་འདུན་ཁག་ནི།
ཕྱི་ལོ་ ༡༩༥༩། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ་དང།
བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ་བཅས་ཡིན།
བོོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུར་ང་ཚོའི་ངོས་ནས་གཉིས་སྨན་དབུ་མའི་ ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པའི་ངང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ཡང་ རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་ལངས་ཕྱོགས་སྲིད་བྱུས་ཇེ་ཞན་ཇེ་སྡུག་ཏུ་ གྱུར་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་དང་ལུགས་མཐུན་རེ་འབོད་ལ་ཡ་ལན་སྤུ་ཙམ་ མེད་པར། དེ་ལས་ལྡོག་སྟེ་རང་ལུས་མེར་བསྲེགས་བཏང་བའི་ལས་འགུལ་དེ་བཞིན་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་བསྐུལ་བྱས་ལུགས་ལ་ བསྙད་དེ། བོད་ས་ཡོངས་ལ་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་ཉམ་ཆུང་བོད་མིར་དམག་གྲ་སྒྲིག་ པའི་འཇིགས་བསྐུལ་དྲག་གནོན་འོག དོན་དམ་བོད་དུ་དམག་ཁྲིམས་བསྡམས་པ་ལྟ་བུའི་ཆེས་ཛ་དྲག་ཡ་ངའི་གནས་སྟངས་ཆགས་ཏེ། བོད་ཀྱི་གྲོང་སྡེ་ཡོངས་ལ་རྒྱ་མིའི་ལས་བྱེད་ཁྲི་ཚོ་མང་པོ་བཏང་ནས་གསང་མྱུལ་ སོ་ལྟའི་དབང་བསྒྱུར་ལག་བསྟར་བྱེད་བཞིན་པ་དང་། བོད་ཀྱི་དགོན་སྡེ་ཁག་ཏུ‘‘ཡོད་དགོས་པ་དགུ་དང་། གཅིག་བྱས་པ་དྲུག་བསྐྲུན་དགོས”ཞེས་པའི་མིང་འོག་རྒྱ་དམར་ཆོས་མེད་སྨྲ་བའི་འགོ་ གཙོ་རྣམས་ཀྱི་པར་རིས་དགོན་པ་ཁག་ཏུ་བཙན་བཀལ་བྱེད་དུ་བཅུག་པ། དགོན་པའི་ནང་དུ་ཏང་གི་སྒྲིག་འཛུགས་བཙུགས་ཏེ་དགོན་པའི་འཛིན་སྐྱོང་དང་ཆོས་ བྱེད་ཀྱི་དབང་ཆ་ཐད་ཀར་ཏང་ཡོན་མི་སྣས་འཛིན་པ། ལྷག་པར་དགོན་སྡེ་ཁག་ཏུ་འཆམ་མཐུན་དཔེ་བཟང་དགོན་པ་ཞེས་དང་། སྔོན་ཐོན་གྲྭ་བཙུན་འདེམས་སྒྲུག་ཅེས་པའི་ལས་འགུལ་སྤེལ་ཏེ། དོན་དམ་རིག་གསར་སྐབས་གྲལ་རིམ་དབྱེ་འབྱེད་འཐབ་རྩོད་ཀྱི་ལས་འགུལ་བསྐྱར་དུ་ བོད་ས་སྟོད་སྨད་བར་གསུམ་དུ་སྤེལ་བ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་སར་ལྷ་ས་བ་མིན་པའི་བོད་མི་རྣམས་ཕྱིར་འབུད་དང་། བོད་མི་ལྷ་སར་འགྲོ་རྒྱུར་ལག་འཁྱེར་ཁག་དྲུག་ཙམ་མིག་སྟོན་བྱ་དགོས་ཀྱང། རྒྱ་མི་རྣམས་གནམ་ས་བརྒྱུད་ལམ་གང་གི་ཐོག་ནས་བོད་དུ་ཤར་བསྐྱོད་ཐུབ་པ། བོད་མི་མཐོ་སློབ་ཐོན་པ་རྣམས་རྒྱ་ནག་ནང་སར་ལས་གནས་གོ་སྒྲིག་དང་། རྒྱ་མི་མཐོ་སློབ་ཐོན་པ་རྣམས་རོགས་སྐྱོར་གྱི་མིང་ཐོག་བོད་དུ་བཏང་བ་སོགས། མདོ་དོན་བོད་དུ་ད་ལྟ་རྒྱ་གཞུང་གིས་མི་རིགས་མཐོང་ཆུང་དང་། མི་རིགས་དབྱེ་འབྱེད། མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་མངོན་སུམ་འཛེམས་མེད་ཀྱིས་སྤེལ་བཞིན་པ་ དང་། ཉེ་ལམ་བོད་རིག་པ་མཁས་ཅན་སྐུ་ཚབ་ཚོགས་པ་ཟེར་བ་ཨ་རི་དང་ཁེ་ན་ཌ་སོགས་རྒྱལ་ སྤྱིའི་ཐོག་སྐོར་བསྐྱོད་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་སྐོར་ཀྲུང་དབྱང་གིས་བསྐོ་གཞག་དགོས་པའི་རྩ་དོན་བཞི་ཞེས་པ་དང་། བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་རྒྱལ་ཁབ་ཕྱི་ལོགས་ཀྱི་ཆབ་སྲིད་དང་ ཆོས་ལུགས་ལས་རིགས་ཁག་ནས་ངན་བསྐུལ་བྱས་པ་སོགས་མ་རུང་ཁོག་བཅངས་ཀྱི་རྒྱུ་མཚན་ བཞི་ལོག་པའི་དྲིལ་བསྒྲགས་སྣ་ཚོགས་འཆར་གཞི་དང་གོ་རིམ་ཡོད་པའི་ཐོག་བྱས་དང་བྱེད་བཞིན་པ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་ཡོད་དཔོན་རིགས་ནས་ཀྱང་རྒྱ་ནག་གི་ རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་གནས་བབ་ཕྱིར་བསྡུ་བྱེད་དགོས་ཀྱི་བསམ་ཚུལ་ཡན་སྤེལ་ནས་ཁྲིམས་གསལ་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་རྒྱུའི་ལྐོག་གཡོ་བཤམས་པ་བཅས་ལ་བརྟེན། བོད་མིའི་ཕྱོགས་ཀྱི་འབྲེལ་མོལ་གནང་མཁན་དམིགས་བསལ་སྐུ་ཚབ་དང་། སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་དགོས་བྱུང་བར་བཀའ་ཤག་ནས་བློ་ཕམ་དང་བཅས་དགོངས་འཁྲོལ་གནང་དགོས་བྱུང་ཡོད།
ད་ལྟའི་སྐབས་སུ་རྒྱ་ནག་ནང་ཤེས་ཡོན་ཅན་མང་པོ་ཞིག་གིས་རྒྱ་གཞུང་གི་སྲིད་ བྱུས་འཛིན་ཕྱོགས་ལ་ངོ་རྒོལ་དང་། ཉེ་ཆར་བྷོ་ཤི་ལའི་དང་ཝང་སླིད་ཅུན་གྱི་དོན་རྐྱེན་གྱིས་རྒྱ་ནག་དཔོན་རིགས་ནང་ ཁུལ་དབང་ཆ་འཐབ་རྩོོད་ཀྱིས་འཆམ་མཐུན་མེད་པ་དངོས་གསལ་ཡིན། སྲིད་བློན་ཝུན་ཅཱ་པའོ་ཡིས་ས་ཕྱོགས་མང་པོ་ཞིག་ཏུ་ཆབ་སྲིད་ལམ་ལུགས་ཐོག་ བསྒྱུར་བཅོས་བྱེད་དགོས་སྐོར་གླེང་སློང་ཐེངས་མང་བྱས་མྱོང་ལ་སྤྱིར་རྒྱ་ནག་མི་མང་ཁྲོད་དུ་མང་གཙོ་ཅན་དུ་བསྒྱུར་རྒྱུར་རེ་བའི་མངོན་འདོད་ དང་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད། མ་འོངས་པའི་རྒྱ་ནག་གི་ངོས་ནས་གླེང་ན། འདི་ནི་གོ་སྐབས་བཟང་པོ་ཞིག་ཡིན་པས་རྒྱ་ནག་གཞུང་གི་ཆབ་སྲིད་དབང་འཛིན་པ་ཚོའི་ དབང་ཆར་འཕོ་འགྱུར་འགྲོ་ལ་ཉེ་བའི་མཚམས་འདིར་བློ་ཁ་ནང་དུ་ཕྱོགས་ཏེ་བོད་ཀྱི་ ཐོག་འཛིན་པའི་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་ འཛམ་གླིང་འཕེལ་འགྲོས་དང་བསྟུན་ནས་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་དགོས་རྒྱུ་ནི་ དུས་ཀྱི་ཆོས་ཉིད་དུ་མཐོང་།
ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གསང་བ་གསུམ་ལ་ ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཆ་ཕྲ་མོས་ཀྱང་མ་རེག་པར་༸ཞབས་པད་མི་འགྱུར་རྡོ་ རྗེ་རྟག་བརྟན་གྱི་ངོ་བོར་འཚོ་ཞིང་གཞེས་པ་ནི་གཙོ་བོ་མགོན་པོ་གང་ཉིད་ཀྱི་ ཐུགས་བསྐྱེད་སྨོན་ལམ་གྱི་བྱིན་མཐུ་དང། བོད་མིའི་སྤྱི་མཐུན་གྱི་བསོད་ནམས། བོད་སྐྱོང་ལྷ་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་ལས་བཅས་དང། དེའི་ཐོག་གཙོ་བོ་གནས་ཡུལ་རྒྱ་གར་དབུས་སའི་གཞུང་དང། དེ་མཚུངས་མགོན་པོ་གང་ཉིད་ཆིབས་སྒྱུར་བསྐྱང་སའི་ཕྱིའི་ཡུགལ་ཆེ་ཞིང། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི། གཙོ་བོ་ཁོང་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དང། ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་གཟོང་ཁ་གཅིག་སྒྲིལ་ཐོག་སྤྱི་མཐུན་གྱི་བསོད་ནམས་ལ་རག་ལུས་ཡོད་པ་བླ་ལྷ་ཡོངས་ཀྱིས་གསུང་གཅིག་གྲགས་ལ་བརྟེན། དེ་དོན་བོད་མི་ཡོངས་ཀྱིས་ཉམས་ལེན་མ་འཕྱུག་པ་གནང་དགོས་པ་ནི་དོན་གྱི་སྙིང་པོ་ཡིན་པ་བཞིན་དེ་རིང་སླར་ཡང་དྲན་སྐུལ་དང་འབྲེལ་བའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།
རྒྱ་གར་ནི་བཙན་བྱོལ་བོད་མིའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཤིང་། ད་ཕན་མི་ལོ་ ༥༣ ལྷག་རིང་རྒྱ་གར་གཞུང་དང་། མངའ་སྡེ་ཁག་གི་གཞུང་། ས་གནས་འཛིན་སྐྱོང་སྡེ་ཚན་ཁག་བཅས་ནས་བོད་མིའི་ཐོག་བསམ་ཡུལ་ལས་འདས་པའི་རོགས་མགོན་ཕན་གྲོགས་རྒྱ་ཆེ་གནང་བའི་བཀའ་དྲིན་གྱི་བདག་ཉིད་ཅན་ཞིག་ཡིན་པས་ད་རེས་ ཀྱི་གོ་སྐབས་བཟང་པོ་འདི་བཟུང་སྟེ་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་བཀའ་དྲིན་བླ་ན་མེད་པར་ཆེ་ཞེས་ཞུ་རྒྱུ་བཅས།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་༸ ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ལ།། ལ་གྲུ་གཞན་ཁག་གི་དབུས་སའི་གཞུང་བཅས་ཀྱི་མཐུན་འགྱུར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་ཞབས་ཞུ་ཧུར་བསྐྱེད་གནང་བ་ སོགས་ཀྱིས་ཡིན། དེང་མགོན་པོ་གང་གི་རླབས་ཆེན་མཛད་བཟང་གི་ཉི་འོད་ལྡོག་པར་དཀའ་ནའང་རྒྱ་ནག་ སྲིད་དབང་སྒེར་འཛིན་པ་དག་གིས་བསམ་སྤྱོད་ལས་འདས་པའི་མཚན་སྨད་ཞུས་དང་ཞུ་བཞིན་ ཐོག་༸སྐུ་ཕྱྭར་བསྡོ་བའང་མི་སྲིད་པ་མིན་སྟབས། གོང་གསལ་སྐུ་ཕྱྭའི་སྲུང་འདོམས་ཀྱི་ཆ་རྐྱེན་རྣམས་ཀྱི་ཐོག་བོད་མི་མཆོག་དམན་ཀུན་གྱིས་དུས་རྟག་ཏུ་སྤྱང་གྲུང་དང་རྫི་སངས་རྣོན་པོ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ ཞིང། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི། གཙོ་བོ་ཁོང་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དང། ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་གཟོང་ཁ་གཅིག་སྒྲིལ་ཐོག་སྤྱི་མཐུན་གྱི་བསོད་ནམས་ལ་རག་ལུས་ཡོད་པ་བླ་ལྷ་ཡོངས་ཀྱིས་གསུང་གཅིག་གྲགས་ལ་བརྟེན། དེ་དོན་བོད་མི་ཡོངས་ཀྱིས་ཉམས་ལེན་མ་འཕྱུག་པ་གནང་དགོས་པ་ནི་དོན་གྱི་སྙིང་པོ་ཡིན་པ་བཞིན་དེ་རིང་སླར་ཡང་དྲན་སྐུལ་དང་འབྲེལ་བའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ ཡིན།
རྒྱ་གར་ནི་བཙན་བྱོལ་བོད་མིའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཤིང་། ད་ཕན་མི་ལོ་ ༥༣ ལྷག་རིང་རྒྱ་གར་གཞུང་དང་། མངའ་སྡེ་ཁག་གི་གཞུང་། ས་གནས་འཛིན་སྐྱོང་སྡེ་ཚན་ཁག་བཅས་ནས་བོད་མིའི་ཐོག་བསམ་ཡུལ་ལས་འདས་པའི་རོགས་མགོན་ཕན་གྲོགས་རྒྱ་ཆེ་གནང་བའི་བཀའ་དྲིན་གྱི་བདག་ཉིད་ཅན་ཞིག་ཡིན་པས་ད་རེས་ ཀྱི་གོ་སྐབས་བཟང་པོ་འདི་བཟུང་སྟེ་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་བཀའ་དྲིན་ བླ་ན་མེད་པར་ཆེ་ཞེས་ཞུ་རྒྱུ་བཅས།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་༸ ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ལ།།