༧གོང་ས་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་འཁྲུངས་སྐར།
བོད་གངས་ཅན་ལྗོངས་ཀྱི་གཞིས་ལུས་རྒྱ་ཆེ་མི་མང་གིས། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས། དེ་རིང་ངའི་སྐྱེས་སྐར་རེད་ཟེར་ནས་ཚོར་བ་ཤུགས་ཆེན་པོ་ཡོད་པ་རེད། དེ་ཚོར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་༧གོང་ས་མཆོག་གིས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་། དྷ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༧ ལ་ཕེབས་པའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་སྟེང་༧གོང་ས་མཆོག་དབུ་བཞུགས་ཐོག སྐུ་མགྲོན་གཙོ་བོ་དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་། རྒྱ་གར་ཧི་མ་ཅལ་མངའ་སྡེའི་བཟོ་ལས་བློན་ཆེན་ཀི་ཤིམ་ཀར་པོ་གཉིས་ཀྱིས་གཙོས་པའི། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞི་བ་རྣམ་པ། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། བོད་དོན་རྒྱབ་སྐོར་བ། བོད་རིགས་མང་ཚོགས་བཅས་འདུ་འཛོམས་ཀྱིས། མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་མཉམ་དུ། བཀའ་བློན་ཁྲི་པ་བློ་བཟང་སེང་གེས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་དབྱིངས་སུ་བསྒྲེངས་ཏེ་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་སོང་།
དེ་མཚམས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་ཁྲི་པ་བཅས་ནས། ༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་མཉམ་དུ། བོད་ཀྱི་ཟློས་གར་ཚོགས་པས་དྲུག་བཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་ཤིག་ཀྱང་བཏང་སོང་།
དེ་རྗེས་རྒྱ་གར་གྱི་སྐུ་མགྲོན་གཙོ་བོ་མཆོག་ནས་༧གོང་ས་མཆོག་ལ་འཁྲུངས་སྐར་འཚམས་འདྲིའི་མེ་ཏོག་ཕུལ་གྲུབ་མཚམས། ཞབས་ལོ་༢༥ འཁོར་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་ཅིག་ལ་བཀའ་བློན་ཁྲི་པ་ཕྱག་ནས་ལེགས་སྐྱེས་གསོལ་རས་ཡང་བསྩལ་སོང་།
དེ་རྗེས་བཀའ་ཁྲིས་བཀའ་ཤག་གི་འཁྲུངས་སྐར་གསུང་བཤད་སྒྲོགས་སྦྱང་གནང་བ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། མཛད་འགོའི་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བཟོ་ལས་བློན་ཆེན་སྐུ་ཞབས་ཀི་ཤན་ཀཱ་པུར་གྱིས་༧རྒྱལ་བ་རིན་པོ་ཆེར་འཁྲུངས་སྐར་ཉིན་འཚམས་འདྲི་གནང་བ་དང་འབྲེལ་ཁོང་གིས་གསུང་བཤད་གནང་སྐབས། ད་རེས་༧གོང་ས་མཆོག་གུང་གྲངས་༧༧ ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོ་དེ་ཆབ་སྲིད་སྐུ་དབང་ལས་དགོངས་ཞུས་གནང་ནས་འཁྲུངས་སྐར་ཐེངས་དང་པོ་དེ་ཡིན་སྟབས། ང་རང་འཁྲུངས་སྐར་གྱི་མཛད་སྒོར་བཅར་ཐུབ་པ་དེ་དགའ་ཚོར་ཆེན་པོ་བྱུང། ཡང་སྒོས་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཧི་མ་ཅལ་མངའ་སྡེའི་ནང་གི་དྷ་རམ་ས་ཟེར་བ་ས་ཆ་ཆུང་ཆུང་དེ་དེང་སང་འཛམ་གླིང་ཁྱོན་ཡོངས་ལ་སྐད་གྲགས་ཆེ་བའི་གནས་ཤིག་ཆགས་ཡོད་པ་རེད་ཅེས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བཞུགས་ཐུབ་པའི་སྨོན་ལམ་ཡོད་སྐོར་སོགས་གསུངས་སོང་།
དུས་རྒྱུན་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོ་མང་ཆེ་བར་༧གོང་ས་མཆོག་ཕེབས་ཀྱི་མེད་ན། ད་ལོ་བོད་གཞུང་ངོས་ནས་ས་གནས་གང་སར་དམིགས་བསལ་གྱིས་འཁྲུངས་སྐར་གྲ་རྒྱས་པོ་སྲུང་བརྩི་ཞུ་ཡི་ཡོད་པས། དྷ་སར་༧གོང་ས་མཆོག་ཆིབས་བསྒྱུར་གནང་བ་མ་ཟད། འཁྲུངས་སྐར་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
མཐར་དྷ་སའི་སློབ་གྲྭ་ཁག་གིས་འཁྲུངས་སྐར་དགའ་སྟོན་གྱི་གཞས་སྣ་འཁྲབ་སྟོན་གྱིས་༧གོང་ས་མཆོག་དགུང་གྲངས་༧༧ པའི་འཁྲུངས་སྐར་ལ་འཚམས་འདྲི་དང་དགའ་བསུ་ཞུས་སོང་།
༧གོང་ས་མཆོག་གིས་ཁོ་རང་ཆུང་ཆུང་སྐབས་ཕྲུ་གུ་འཚུབ་པོ་ཞིག་ཡིན་ཚུལ་དང་། སློབ་སྦྱོང་ལ་ཡང་དེ་ཙམ་གྱིས་དོན་སྣང་མེད་མཁན་ཞིག་ཡིན་སྐོར ། ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གིས་དེ་རིང་གནས་སྟངས་འདིར་སླེབས་ཡོད་ཚུལ་སོགས་ངོ་སྤྲོད་དང་འབྲེལ་གསུང་དོན། “སྤྱིར་བཏང་འཛམ་གླིང་འདིའི་སྒང་ལ་སྐྱེས་སྐར་ཟེར་བ་དེ་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད་པ་རེད། ཡིན་ན་ཡང་ང་ཚོ་བོད་པས་གལ་ཆེན་པོ་ཞེ་དྲག་བརྩི་ཡི་མ་རེད་ལ། ལྷག་པར་ང་རང་སྒེར་ངོས་ནས་ཡིན་ན་གལ་ཆེན་པོ་གང་ཡང་བརྩི་ཡི་མེད། གལ་ཏེ་གལ་ཆེན་པོ་ཞིག་བརྩི་དགོས་བྱུང་ན། ཉི་མ་རེར་ཉི་མ་གསར་པ་རེ་ཤར་ནས་ཞོགས་པ་ཡར་ལངས་པ་དང་། ཉི་མ་གསར་པ་རེ་ཤར་པ་དེ་ཡང་སྐྱེས་སྐར་ཆགས་ཀྱི་ཡོད་རེད། གང་གལ་ཆེན་པོ་རེད་ཟེར་ན། ཉི་མ་རེའི་མི་ཚེ་དེ་བྱུང་ན་གཞན་ལ་ཕན་བཏག་རྒྱུ་དང་། གལ་ཏེ་གཞན་ལ་ཕན་བཏག་རྒྱུ་མ་བྱུང་ན་ཡང་། གནོད་པ་མི་བྱེད་རྒྱུ་ཉིན་རེ་བཞིན་དུ་དམ་བཅའ་འཇོག་གི་ཡོད་ལ། མི་གཞན་ལ་ཡང་དེ་རིང་བཤད་ཀྱི་ཡོད། གནས་སྟངས་དེ་འདྲ་ཞིག་གི་ཐོག་ནས་མི་ཚེ་བསྐྱལ་ཏེ་ལོ་༧༧ ལ་སླེབས་པ་རེད། ཕན་པའི་བསམ་པ་སྐྱེ་པའི་ནུས་པ་དེ་ང་ཚོ་ཚང་མ་ལ་ཡོད་པ་རེད། གང་ཡིན་ཟེར་ན། ང་ཚོ་ཕ་མའི་བྱམས་སྐྱོང་གི་འོག་ནས་འཚར་ལོངས་བྱུང་བ་ཡིན་དུས། གཞན་གྱིས་ཅི་ཙམ་གྱིས་བྱམས་བརྩེས་བསྐྱངས་པ་དེ་ཙམ་གྱིས། རང་ལས་གཞན་ལ་བྱམས་བརྩེས་བསྐྱངས་རྒྱུའི་ནུས་པ་དེ་ཡོད་ཡོད་པ་རེད། དེར་བརྟེན། མི་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་དགོས་ཀྱི་ཡོད་པ་རེད། བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་གི་རེད་ཅེས་རྟག་པར་བཤད་ཀྱི་ཡོད། དེང་སང་ཚན་རིག་པ་ཚོས་ཡང་སེམས་ལ་བྱམས་བརྩེ་ཡོད་ན། ལུས་ཀྱི་བདེ་ཐང་ལ་ཕན་གྱི་རེད་ཟེར་ནས་བཤད་ཀྱི་རེད། ང་རང་ཡིན་ན་ཆུང་ཆུང་ཡིན་དུས་དམིགས་བསལ་གྱི་དོ་སྣང་ཆེན་པོ་ཡོད་མ་རེད་ད། དབང་མེད་འདྲ་བོ་ཞིག་གི་ཐོག་ནས་སློབ་སྦྱོང་བྱས་དེ་འཚར་ལོངས་བྱུང་ནས། རིམ་གྱིས་མི་ཚེ་འདིའི་ནང་ལ་དངོས་གནས་ཅི་ཙམ་གྱིས་དཀའ་ངལ་འཕྲད་ན་ཡང་། སེམས་ཀྱི་ཞི་བདེ་ལ་སྒུལ་དཀྱོག་གཏོང་མ་ཐུབ་པ་ཞིག་བྱུང་བ་དེ་སངས་རྒྱས་ཀྱི་ཆོས་ཀྱིས་བཟོས་པ་རེད། དེ་ངས་ཐག་བཅད་ནས་བཤད་ཐུབ་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་ཐོས་བསམ་སྒོམ་བསམ་ལ་རྒྱུས་དང་ཉམས་མྱོང་གང་ཡང་མེད་མཁན་ཞིག་ཡིན་ན། ཡང་ན་སྨྱོ་བའི་བཟོ་འདྲ་བོ་དང་། ཡང་ན་རྟག་པར་གཉིད་ཁུགས་ཆེད་སྨན་ཟ་བའི་བཟོ་འདྲ་བོ་ཡོང་གི་ཡོང་རེད།
ཡིན་ན་ཡང་དེ་འདྲ་ཁྱོན་ནས་བྱེད་དགོས་ཀྱི་མ་རེད། དཀའ་ངལ་ག་ཚོད་ཡོད་ན་ཡང་སེམས་ཀྱི་ཞི་བདེ་དཀྲིགས་ཐུབ་ཀྱི་མི་འདུག དེ་ཚོ་སངས་རྒྱས་པའི་ཆོས་ལ་ཐོས་བསམ་སྒོམ་བསམ་བྱས་པའི་འབྲས་བུ་རེད། ཆོས་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་ཁ་ལ་ཁྱེར་ནས་གསོད་རེས་གཏོང་བ་དང་། ནང་ཁུལ་མི་མཐུན་པ་བཟོ་བ་དེ་ཐབས་སྡུག་ཤོས་ཤིག་རེད། དཔལ་འབྱོར་དང་ཆབ་སྲིད་དེ་ཚོའི་སྒང་ནས་གསོད་རེས་གཏོང་བ་དང་། ནང་ཁུལ་མི་མཐུན་པ་བཟོ་སྲིད་པ་ཞིག་རེད། ཡིན་ན་ཡང་བྱམས་པ་དང་། བརྩེ་བ། ཆོག་ཤེས་དེ་ཚོ་ཉམས་སུ་ལེན་མཁན་ཞིག་གིས། འཐབ་རྩོད་བྱས་ནས་གསོད་རེས་གཏོང་ཟེར་བ་དེ་ཡ་མཚན་སྐྱེ་རྒྱུ་ཞིག་རེད། དེར་བརྟེན། འཛམ་གླིང་འདིའི་སྒང་གི་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་སུ། ངས་ལོ་མང་པོའི་སྔོ་ནས་འགོ་བཙུགས་ཏེ་ལས་ཀ་བྱས་པ་ཡིན། དེ་བཞིན་འཛམ་གླིང་སྤྱིའི་སྤྱི་སེམས་ཁུར་རྒྱུ་དེ་ཡང་སྔོན་མ་ནས་འགོ་བཙུགས་པ་རེད། གང་ལྟར་མི་ལ་བདེ་སྐྱིད་ཡོང་ཐབས་ཀྱི་རྩ་བ་དེ་ནང་སེམས་ཀྱི་བདེ་སྐྱིད་རེད། རྒྱུ་དངོས་པོ་མ་རེད། སྟོབས་དང་དབང་ཐང་མ་རེད་ཟེར་ནས་འཛམ་གླིང་གང་སར་བཤད་ཀྱི་ཡོད། དེ་ལྟ་བུའི་མི་ལ་ཕན་ཐོགས་དེ་ངས་མ་ཤི་བར་དུ་བྱེད་ཀྱི་ཡིན། དེ་ནང་བཞིན་ནང་པའི་ཆོས་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་མཐུན་འབྲེལ་གྱི་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡང་ངས་མ་ཤི་བར་དུ་བྱེད་ཀྱི་ཡིན། ཆབ་སྲིད་ཀྱི་ཐད་ནས་ང་རྒན་ཡོལ་གཙང་མ་ཞུས་ནས་དུས་ཡིན་གང་མཚམས་སོང་བའི་རིང་། ཁྱེད་རང་ཚོ་ཚང་མས་ཧུར་བརྩོན་བྱས་སོང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡིན་ན་ཡང་ཧུར་བརྩོན་གནང་རོགས་ཞུ་རྒྱུ་ཡིན། དེ་རིང་ཁྱེད་རང་ཚོ་འདིར་དངོས་སུ་ངའི་སྐྱེས་སྐེར་ལ་འཛོམས་པ་ཚོར་ཐུགས་རྗེ་ཆེར་ཞུ་བ་དང་ཆབས་ཅིག འཛམ་གླིང་གི་རང་དབང་ལུང་པའི་ས་ཁུལ་མང་པོ་ཞིག་ལ་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་རེད་ཟེར་ནས་དགའ་བསུ་བྱེད་ཀྱི་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་བོད་རིགས་མ་ཡིན་པའི་ངའི་གྲོགས་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡང་སྒོས་སུ་ལུས་པོ་བཙན་དབང་གི་འོག་ཡོད་པའི་བོད་གངས་ཅན་ལྗོངས་ཀྱི་གཞིས་ལུས་རྒྱ་ཆེ་མི་མང་གིས། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས། དེ་རིང་ངའི་སྐྱེས་སྐར་རེད་ཟེར་ནས་ཚོར་བ་ཤུགས་ཆེན་པོ་ཡོད་རེད། དེ་ཚོ་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཀའ་ངལ་ཞེ་དྲག་ཅིག་གི་འོག་ལ་སོ་སོའི་མི་རིགས་ཀྱི་རྒྱ་ལ་དང་། ཞེན་ཁོག ལྷག་བསམ་རི་བོ་ལྟར་གཡོ་བ་མེད་པར་བསྡད་ཡོད་པ་དེར། བསྔགས་བརྗོད་དང་རྗེས་སུ་ཡི་རིངས་ཡོད” ཅེས་གསུངས་སོང་།