སེར་བྱེས་བྱ་བྲལ་ཁང་ཚན་དུ་འཁྲུངས་སྐར་སྲུང་བརྩི།
ཟླ་འདིའི་ཚེས་༦ ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁང་ཚན་དུ། ༧གོང་ས་མཆོག་ཕྱི་ལུགས་དགུང་གྲངས་༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་པ་དང་། རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་ཞུ་དང་།
བསང་གསོལ་སྨོན་ལམ། རྒྱལ་བའི་ཞབས་བརྟན་ཚོགས་འདོན་གནང་བ་དང་། རྟེན་གསུམ་འདེགས་འབུལ་སོགས་ཀྱིས་མཛད་སྒོ་དབུ་བཙུགས་ཡོད་པ་རེད།
དགོང་དྲོ་ཆུ་ཚོད་༦དང་ཕྱེད་ནས་མཚན་ཆུ་ཚོད་༡༡དང་སྐར་མ་༡༥བར་མཛད་རིམ་མུ་མཐུད་དེ་གང་ཉིད་ཀྱི་རླབས་ཆེན་འགན་ཁུར་གསུམ་སྟེ་“དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་བཞེད། གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད། གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་བཞེད།”ཅེས་པ་དང་། ༸གོང་ས་མཆོག་གིས་དུས་ནས་དུས་སུ་བོད་མི་མང་ལ་བཀའ་སློབ་ལམ་སྟོན་གནང་བ་ཁག་ལག་ལེན་དུ་བསྟར་མ་ཐུབ་པ་གང་ཡོད་དང་། དེ་ལྟར་མ་ཐུབ་པས་བོད་མི་རིགས་ལ་གྱོང་གུད་གང་ཞིག་ཡོད་དམ་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་སེར་བྱེས་བྲལ་ཁང་ཚན་གྱི་ཆོས་རའི་ནང་དུ་འཚོགས་ཡོད་པ་རེད། དེ་ཡང་བྱ་བྲལ་ཁང་ཚན་གྱི་ངོས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་ལས་རིམ་ཞིག་སྤྱི་ལོ་༢༠༡༡ལོ་ནས་འགོ་འཛུགས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་། གང་ཉིད་ཀྱི་ཡང་དག་པའི་དགོངས་གཞི་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་སྒོ་ནས་འཁྲུངས་སྐར་སྲུང་བརྩི་བྱེད་པའི་དམིགས་བསལ་ལས་རིམ་ཞིག་ལག་ལེན་དུ་བསྟར་བཞིན་ཡོད་འདུག འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་འདིའི་དམིགས་ཡུལ་དང་དགོས་པ་སོགས་གང་ཞིག་གི་ཆེད་དུ་ཡིན་མིན་སྐོར་འབྲེལ་ཡོད་ལས་སྣེ་དག་ལས་རྒྱུས་ལོན་བྱས་ཏེ་ཤེས་གསལ་ལྟར་ན། འཁྲུངས་སྐར་འདི་ལྟར་སྲུང་བྱེད་དགོས་པའི་རྒྱུ་མཚན་དང་དགོས་པ་གཙོ་བོ་ནི་༧གོང་ས་མཆོག་གི་ཡང་དག་པའི་མཛད་རྗེས་དེ་དག་ལ་རྗེས་དྲན་དང་། དེ་ཡང་བགྲོ་གླེང་སྦྱང་བཤད་ཀྱི་ཐོག་ནས་ཁོང་གི་བཀའ་དྲིན་དང་། དགོངས་གཞི་རླབས་པོ་ཆེ་དེ་དག་བཤད་པ་ཙམ་མ་ཡིན་པར་ཤེས་ནས་དད་པ་ཐོབ་ཞིག་ཡོང་བའི་ཆེད་དང་། དེ་ལ་བརྟེན་ནས་མི་རེ་རེའི་ངོས་ནས་༧གོང་ས་མཆོག་གི་དགོངས་གཞི་ཤེས་རྟོགས་དང་། བཀའ་སློབ་ལམ་སྟོན་དེ་དག་རང་གིས་ཉམས་ལེན་བྱེད་པའི་ཆ་རྐྱེན་ཞིག་ཏུ་འགྱུར་བའི་ཆེད་དུ་ཡིན་འདུག །