༧གོང་ས་མཆོག་ཤི་རི་ན་གྷར་དང་ལ་དྭགས་སུ་ཆིབས་བསྒྱུར།

༧གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་༨ ཉིན་དྷ་ས་ནས་ཕེབས་ཐོན་གྱིས། ལ་དྭགས་དང་ཤི་རི་ན་གྷར་བཅས་ལ་ཕེབས་ཏེ། ཉིན་གཉིས་རིང་དད་ལྡན་མི་མང་རྣམས་ལ་རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་བསྩལ་རྒྱུ་རེད་འདུག

དེ་ཡང་ཤི་རི་ན་གྷའི་ (Sirinagar) བོད་རིགས་ཁ་ཆེ་དང་ལ་དྭགས་ནང་པ་དང་དགོན་ཚོགས་བཅས་ཀྱིས། སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཟླ་འདིའི་ཕྱི ཚེས་༨ ཉིན་བཞུགས་སྒར་ནས་ལྡི་ལི་དང་། དེ་ནས་ཇ་མུ་ཀ་ཤི་མིར་ཤི་རི་ན་གའི་བོད་རིགས་ཁ་ཆེའི་གཞིས་ཆགས་སུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་ཁག་གྲུབ་རྗེས།

ཕྱི་ཚེས་ ༡༨ ཉིན༧གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་གྱིས། ལ་དྭགས་ཟངས་དཀར་དུ་ཉིན་གཉིས་ཀྱི་རིང་དད་ལྡན་མི་མང་རྣམས་ལ། རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་སྩལ་རྒྱུ་མ་ཟད། ལ་དྭགས་སླེ་གྲོང་ཁྱེར་ཞི་བའི་ཚལ་དུ་ཉིན་བཞིའི་རིང་ལམ་གཙོ་རྣམ་གསུམ་དང་། བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས། དེ་བཞིན་ཉིན་མཐའ་མར་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་ཡིན་འདུག
གོ་སྐབས་འདི་དང་བསྟུན་ཏེ་ལ་དྭགས་ནང་པ་དང་དགོན་ཚོགས། དགའ་ལྡན་ཁྲི་རིན་པོ་ཆེའི་བླ་བྲང་བཅས་ནས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད། བརྟན་བཞུགས་རྒྱས་པ་ཞིག་ཀྱང་འདེགས་འབུལ་འཆར་ཡོད་འདུག

ཁྱེད་ཀྱིས་གཟིགས་མེད་སྲིད།