སློབ་མའི་བར་བགྲོ་གླེང་འགྲན་སྡུར།
ཟླ་འདིའི་ཚེས་༡༡ ཉིན་ཕྱི་དྲོ་ཆུ་ཚོད་༢ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འབྲས་སྤུངས་བློ་གསར་གླིང་གྲྭ་ཚང་གིས་གོ་སྒྲིག་འོག དེང་དུས་ཀྱི་མིའི་ཀུན་སྤྱོད་ནི་སློབ་གྲྭ་ལ་རག་ལུས་ཡོད་ཅེས་པའི་བརྗོད་གཞིའི་ཐོག་འབྲས་སྤུངས་བློ་གསལ་གླིང་གི་སློབ་གྲྭ་དང་། མོན་གྷོ་གཏན་ཉིན་སློབ་གྲྭ་གཉིས་ཀྱི་དབར་ལ་བགྲོ་གླེང་འགྲན་སྡུར་ཞིག་འཚོགས་སོང་།
བགྲོ་གླེང་དེའི་ཐོག་སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་བསོད་ནམ་བསྟན་འཛིན་དང་། འབྲས་བློ་གླིང་ཕྱག་མཛོད་དགེ་བཤེས་མཁྱེན་རབ་ཆོས་རྗེ་རྣམ་གཉིས་ཀྱི་གཙོས་ཟུར་དཔང་རྣམ་པ། དེ་བཞིན་སློབ་གྲྭ་ཁག་གཉིས་ཀྱི་དགེ་སློབ་ཡོངས་མཉམ་འཛོམས་ཐོག འབྲས་བློ་གླིང་ཕྱག་མཛོད་མཁྱེན་རབ་ཆོས་རྗེས་བགྲོ་གླེང་བྱེད་དགོས་པའི་རྒྱུ་མཚན་དང་འབྲེལ་གསུང་བཤད་གནང་དོན། བགྲོ་གླེང་འདི་ལོ་ལྟར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་བྱེད་ཀྱི་ཡོད་པ་བཞིན། ད་ལོ་ཡང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་༧༧ ཕེབས་པའི་སྐུའི་འཁྲུངས་སྐར་ལ་ལྷ་ཕྱག་གྲངས་མེད་དང་བཅས་འཚམས་འདྲི་བཀྲིས་བདེ་ལེགས་སྔོན་དུ་སོང་བའི་ཐོག་ནས་བགྲོ་གླེང་འདི་ལྟར་འཚོགས་ཏེ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ༡༩༥༩ ལོ་ནས་བཟུང་རྒྱ་ནག་གུང་ཁྲན་ཏང་གིས་བོད་མའི་ཆོས་དང་རིག་གཞུང་སྐད་ཡིག་ཙམ་དུ་མ་ཟད། བོད་མི་རིགས་ཡོངས་རྫོགས་རྩ་མེད་བཟོ་རྒྱུའི་ངན་འཆར་འཐེན་ནས་དངོས་ཤུགས་བརྒྱུད་གསུམ་ནས་ལས་འགུལ་དེ་ལྟར་ཞི་དྲག་གཉིས་ཀྱི་སྒོ་ནས་སྤེལ་བ་རེད། ཡིན་ནའང་༧གོང་ས་སྐྱབས་མགོན་ཆེན་པོ་ཉག་གཅིག་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་ཆར་འཛམ་གླིང་ནང་ངོམ་ཆོག་པའི་རིག་གཞུང་ངམ་ནང་བསྟན་ཆོས་ལུགས་ཀྱི་མཚོན་པའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ཉམ་པ་སླར་གསོ་དང་མ་ཉམ་རྒྱུན་གནས་བྱེད་ཐུབ་ཡོད་སྐོར་སོགས་གསུངས་གྲུབ་པ་དང་། མོན་གྷོ་ས་གནས་འགོ་འཛིན་བསོད་ནམ་བསྟན་འཛིན་གྱིས་སོ་སོའི་སྐད་ཡིག་གི་ཐོག་ནས་འདི་ལྟར་བགྲོ་གླེང་གནང་ན་སྤྱི་ཚོགས་དང་སོ་སོ་རང་ཉིད་བཅས་ལ་དགེ་ཕན་ཆེན་པོ་ཡོད་པ་རེད་ཅེས་སོགས་ལམ་སྟོན་གསུང་བཤད་གནང་།
བགྲོ་གླེང་བ་སློབ་ཕྲུག་ཕོ་མོ་བཞིའི་གོང་གི་བརྗོད་གཞིའི་ཐོག་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་སུ་བགོས་ནས་བགྲོ་གླེང་གནང་སོང་ལ་འགྲན་སྡུར་བྱ་དགའ་དང་གསོལ་རིས། དེ་བཞིན་ལག་འཁྱེར་བཅས་ཨང་རིམ་དང་པོ་བློ་གླིང་སློབ་གྲྭའི་སློབ་མ་ཚེ་དཔག་རྡོ་རྗེ་དང་དཀོན་མཆོག་བཀྲིས་གཉིས་ལ་ཐོབ་ཡོད་པ་དང་། ཨང་གཉིས་པ་གཏན་ཉིན་སློབ་གྲྭའི་སློབ་མ་བསྟན་འཛིན་དབང་ཕྱུག་དང་ཨང་གསུམ་པ་གཏན་སློབ་སློབ་མ་བསྟན་འཛིན་ནོར་འཛིན་བཅས་ལ་ཐོབ་ཡོད་པ་བཅས་ཉིན་འདིའི་བགྲོ་གླེང་ཚོགས་འདུ་མཇུག་བསྒྲིལ་ཡོད་པ་རེད། །
མོན་གྷོ་གསར་འགོད་པས།