དཔེ་མཛོད་ཀྱི་ཡིག་སྒྱུར་ཟབ་སྦྱོང་བ་ཁག་ཅིག་གི་བསམ་ཚུལ།

itp workshop1དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་ལོ་ལྟར་རྩོམ་སྒྱུར་ཟབ་སྦྱོང་ཞིག་གོ་སྒྲིག་བྱེད་ཀྱི་ཡོད་པ་ལྟར། ལོ་འདིར་ཡང་རྩོམ་སྒྱུར་ཟབ་སྦྱོང་ཐེངས་༧ པ་དེ་ཕྱི་ཟླ་༧ པའི་ཚེས་༢ ཉིན་ནས་འགོ་བརྩམས་ཏེ། ཟླ་༣ བོད་ཀྱི་དཔེ་མཛོད་ཁང་དུ་འཚོགས་ཡོད་པ་དང་།

ཟབ་སྦྱོང་འདིའི་ནང་ཞུགས་མཁན་མང་ཆེ་བ་མཐོ་སློབ་ཐོན་ཚར་ཙམ་དང་། དེ་བཞིན་དུས་རྒྱུན་སྤྱི་ཚོགས་ནང་ཡིག་སྒྱུར་ལ་སྦྱོང་བ་བྱེད་མཁན་ཚོ་ཡིན་པ་དང་། ཉིན་རེའི་འཛིན་གྲྭའི་ནང་སྤྱིར་དབྱིན་ཡིག་དང་བོད་ཡིག་ཕན་ཚུན་སྒྱུར་ཕྱོགས་དང་། བོད་ཀྱི་སྐད་ཡིག་དང་། ནང་ཆོས། ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་རྩོམ་སྒྱུར་ཟབ་སྦྱོང་ལ་བཅར་མཁན་༣༠ མ་ཟིན་ཙམ་ཡོད་པ་དང་། ཁག་ཅིག་ལ་ཟབ་སྦྱོང་འདིར་ཞུགས་དགོས་པའི་དམིགས་ཡུལ་དང་འབྲེལ་བའི་སྐོར་ལ་ཟླ་འདིའི་ཚེས་༡༣ ཉིན་བཅར་འདྲི་བྱས་པར།

tenzin norden workshopད་ལྟ་བྷེལ་ཀོབ་བོད་ཁྱིམ་དུ་དགེ་རྒན་གྱི་ལས་ཀ་བྱེད་བཞིན་པ་བསྟན་འཛིན་ནོར་ལྡན་གྱིས། “སོ་སོའི་ལས་ཀ་བཞག་ནས་ཆེད་དུ་འདིར་ཡོང་དགོས་དོན་ནི། མ་འོངས་པའི་སོ་སོའི་མི་ཚེ་ཡར་རྒྱས་གཏོང་ཐབས་དང་། ཡང་ལས་ཀ་གཞན་གྱི་ཆེད་ཉམས་མྱོང་གསོག་ཐབས་བཅས་ཀྱི་ཆེད་དུ་ཡིན། འདིར་ཡོང་ནས་སྐད་ཡིག་ཕབ་སྒྱུར་བྱེད་སྐབས་བོད་ཡིག་གི་ཐོག་ལ་དམིགས་བསལ་གྱིས་ཤུགས་རྒྱག་དགོས་ཀྱི་མེད་ན་ཡང་། དབྱིན་ཡིག་སྔོན་མ་གང་སྦྱང་པ་དེ་ཡར་རྒྱས་གཏོང་ཕྱོགས་དང་། དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་ཀྱི་ཐད་ནས་ཡང་ཉམས་མྱོང་མང་པོ་ཞིག་རག་སོང་། ད་ལྟ་ང་ཚོའི་སློབ་ཚན་གྱིས་ཕན་ཐོགས་ཆེན་པོ་འདུག ལྷག་པར་དུ་ང་ཚོའི་དབྱིན་ཡིག་སློབ་ཁྲིད་བྱེད་མཁན་གྱི་སློབ་ཁྲིད་ཐབས་ལམ་དེ་ཡག་པོ་འདུག ང་རང་གིས་བོད་ཡིག་གི་དགེ་རྒན་བྱས་ནས་ལོ་༦ ཙམ་གྱི་ཉམས་མྱོང་ཡོད་རེད་ལ། ང་རང་ལས་རྒན་པའི་དགེ་རྒན་མང་པོ་ཞིག་ངས་མཐོང་མྱོང་ཡོད་པ་རེད། ཡིན་ན་ཡང་སློབ་ཁྲིད་ཀྱི་ཐབས་ལམ་དེ་འདྲ་བེད་སྤྱོད་གཏོང་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས། ང་ཚོའི་བོད་ཡིག་དེ་ཉམས་ཆག་ལ་སོང་བ་རེད་”་བརྗོད་སོང་།

ཁོང་གིས་མུ་མཐུད་གསུང་དོན། “རྐང་ལམ་ཕྲ་མོའི་(སྒྲུང་རྩོམ་ཞིག)ནང་ལ་བཤད་པ་ནང་བཞིན་སྔོན་མ་ལྟར་རང་སོར་བསྡད་བསྡད་པ་ལས། ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་གང་ཡང་མེད་དུས། ང་ཚོའི་བོད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་དེ་མུ་མཐུད་དུ་ལྷག་གི་རེད་བསམ་གྱི་ཡོད། དེར་བརྟེན། གོ་སྐབས་འདི་བརྒྱུད་ནས་མ་འོངས་པར་སློབ་ཁྲིད་ཀྱི་ཐབས་ལམ་ཡག་པོ་ཞིག་རག་རྒྱུའི་རེ་བ་བཟུང་ཡོད། དེ་ནང་བཞིན་ང་རང་གིས་གོ་སྐབས་རག་པ་ཡིན་ན། མ་འོངས་པར་བོད་གཞུང་གི་ལས་ཁུངས་གང་ཞིག་གི་ནང་དུ་འཛུལ་ཞུགས་གྱིས། ལྷག་བསམ་རྣམ་དག་གིས་ལས་ཀ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་”ཅེས་བརྗོད་སོང་།

tenzin dakar workshopལྡིར་ལིར་ཚོང་རིགས་གཙུག་ལག་མཐོང་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བསྟན་འཛིན་ཟླ་དཀར་གྱིས། “ང་རང་གུང་གསེང་གི་དུས་ཚོད་དང་བསྟུན་ཏེ་ཟབ་སྦྱོང་འདིར་འཛུལ་ཞུགས་བྱས་པ་ཡིན།  ཟབ་སྦྱོང་འདིར་བོད་ཡིག་དང་ནང་ཆོས་སློབ་ཀྱི་ཡོད་པ་གོ་སོང་། ང་རང་ལ་ཆ་བཞག་ན་བོད་ཡིག་གི་ཤེས་ཚད་སྐྱོ་པོ་ཡིན། ཟབ་སྦྱོང་འདིར་རྒན་ལགས་ཡག་པོ་ཡོད་པ་རེད་ཟེར། དེར་བརྟེན། ཟབ་སྦྱོང་འདིར་འཛུལ་ཞུགས་བྱས་པ་ཡིན་”ཞེས་བརྗོད་སོང་།

ཁོང་ལ་མ་འོངས་པར་ཁྱེད་རང་གིས་བོད་མིའི་སྤྱི་ཚོགས་སུ་ལས་ཀ་བྱ་འདོད་ཡོད་དམ་ཞེས་དྲིས་པར། “ངའི་སློབ་སྦྱོང་ཡིན་ན། རྒྱ་གར་གྱི་སྤྱི་ཚོགས་ནང་ལ་ལས་ཀ་བྱེད་ས་མང་པོ་ཡོད་པ་རེད། ཡིན་ན་ཡང་བོད་མིའི་སྤྱིོ་ཚོགས་ནང་ས་མིག་དཀོན་པོ་རེད།  རྩ་བས་རྒྱ་གར་གྱི་སྤྱི་ཚོགས་ནང་ལས་ཀ་བྱས་པ་ཡིན་ན་ཡང་འགྲིག་གི་ཡོད་པ་རེད། ཡིན་ན་ཡང་ང་རང་གི་རེ་བ་ལ་མ་འོངས་པར་བོད་མིའི་སྤྱི་ཚོགས་གང་ཞིག་ཏུ་དགེ་རྒན་ཞིག་བྱེད་བསམ་གྱི་ཡོད། ཚོང་རིགས་སྐོར་ལ་སློབ་ཐོན་མཁན་གྱི་བོད་རིགས་ཧ་ཅང་མང་པོ་རེད། ཡིན་ན་ཡང་མང་ཆེ་བས་རྒྱ་གར་གྱི་སྤྱི་ཚོགས་ནང་ལས་ཀ་བྱེད་ཀྱི་ཡོད་རེད། སློབ་སྦྱོང་ག་ཚོད་ཅིག་བྱས་ཡོད་ན་ཡང་ང་རང་ཚོ་རང་གི་སྤྱི་ཚོགས་ནང་ལས་ཀ་བྱེད་ས་མེད་པ་ལྟ་བུ་ཆགས་འདུག རྒྱ་གར་གྱི་སློབ་ཕྲུག་ཚོ་ཡིན་ན་ལས་ཀ་ག་རེ་བྱེད་དགོས་ཀྱི་ཡོད་མེད་ཀྱི་ལམ་ཁ་ཕ་མས་ཏག་ཏག་ལམ་སྟོན་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་ང་ཚོ་བོད་པའི་སློབ་མ་ཚོ་ལ་མདུན་ལམ་སྟོན་མཁན་མེད་པའི་བཟོ་འདྲ་མཐོང་སོང་། ང་ཚོ་ཕྱི་ལོགས་ལ་ཡོད་མཁན་གྱི་སློབ་ཕྲུག་མང་ཆེ་བས་བོད་མིའི་སྤྱི་ཚོགས་སུ་ལས་ཀ་བྱེད་ཀྱི་ཡིན་ཟེར་གྱི་ཡོད་རེད། ཡིན་ན་ཡང་་དངོས་སུ་ཡོང་དུས་སོ་སོའི་སློབ་སྦྱོང་དང་མཐུན་པའི་ལས་ཀ་བྱེད་ས་དཀོན་པོ་ཆགས་འདུག་”ཅེས་བརྗོད་སོང་།

penpa workshopད་ལྟ་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་གྱི་ནང་ལ་ལས་ཀ་བྱེད་བཞིན་པའི་སྤེན་པས། “ནམ་རྒྱུན་ང་ཚོས་ལས་ཀ་བྱེད་དུས་ཕན་ཚུན་ལ་སྒྱུར་དགོས་པ་མང་པོ་ཞིག་ཡོད་པ་རེད། ལྷག་པར་དུ་ང་ཚོས་དེང་དུས་ཀྱི་ཤེས་བྱ་མང་པོ་ཞིག་སྐད་ཡིག་གཞན་གྱི་སྟེང་ནས་ཚུར་བསྒྱུར་ཏེ་ཤེས་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་སྐད་ཡིག་ཕན་ཚུན་སྒྱུར་སྐབས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་རེད། དེར་བརྟེན། ཟབ་སྦྱོང་འདིར་ཞུགས་ཐུབ་པ་ཡིན་ན། མ་འོངས་པར་སོ་སོའི་ཡིག་སྒྱུར་གྱི་ཐོག་ལ་ཕན་ཐོགས་ཡོང་ས་རེད་བསམ་ནས་འདིར་ཡོང་པ་ཡིན། ཟབ་སྦྱོང་འདིའི་ནང་ལ་ཡིག་སྒྱུར་གཅིག་པུ་མ་ཡིན་པར། ནང་ཆོས་དང་བརྡ་སྤྲོད་ཚང་མ་སྦྱོང་རྒྱུའི་གོ་སྐབས་འདུག ཟབ་སྦྱོང་འདི་ཡག་པོ་ཞེ་དྲག་འདུག དེ་སྔོན་སོ་སོས་མ་ཤེས་པ་མང་པོ་ཞིག་གསར་དུ་ཤེས་ཀྱི་འདུག ལྷག་པར་བརྡ་སྤྲོད་ཀྱི་སྐོར་ནས་གནད་འགག་མང་པོ་ཞིག་ཤེས་སོང་ལ། མ་དག་རྒྱུན་འབྱམས་སུ་སོང་བའི་རིགས་མང་པོ་ཞིག་ཀྱང་ར་འཕྲོད་བྱུང་སོང་། དེར་བརྟེན། ད་རེས་སོ་སོ་ཟབ་སྦྱོང་འདིར་ཞུགས་པ་དེ་དོན་དང་ལྡན་པ་ཞིག་བྱུང་སོང་བསམ་གྱི་ཡོད། མ་འོངས་པར་ང་ཚོས་སོ་སོ་ལ་ཡོད་པའི་རིག་གནས་དེ་ཕར་བྱིན་ཡིག་ཐོག་ལ་སྒྱུར་བ་གཅིག་པུ་མ་ཡིན་པར། ཕྱི་ལོགས་ཀྱི་རིག་གནས་མང་པོ་ཞིག་ནང་འདྲེན་བྱེད་རྒྱུ་ལྷག་ཡོད་རེད། དེ་ཚོའི་སྒང་ལ་ང་ཚོས་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད་”ཅེས་འགྲེལ་བརྗོད་བྱས་སོང་།

ཁོང་གིས་མུ་མཐུད་ཡིག་སྒྱུར་བ་གསོ་སྐྱོང་དགོས་སྐོར་བརྗོད་དོན། “ཤེས་རིག་ལས་ཁུངས་ཡིན་ན་ཡང་དེ་འདྲའི་ཐོག་ལ་འགྲོ་སོང་བཏང་ནས་མི་སྣ་གསོ་སྐྱོང་བྱེད་དགོས་པ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ང་ཚོ་སྨན་རྩིས་ཁང་ལ་ཆ་བཞག་ན། དབྱིན་སྐད་ཐོག་ལ་ཕར་ཏོག་ཙམ་རེ་སྒྱུར་གྱི་ཡོད་པ་རེད། ཡིན་ན་ཡང་བོད་སྐད་ཐོག་ཚུར་སྒྱུར་བའི་ལས་དོན་དེ་ཤུགས་ཆེན་པོ་ཞིག་བྱེད་ཐུབ་ཀྱི་ཡོད་མ་རེད། བོད་ཀྱི་དཔེ་མཛོད་ཁང་ཡིན་ན། ཚན་རིག་གི་སྐོར་མང་པོ་ཞིག་བོད་སྐད་ཐོག་ཚུར་སྒྱུར་གྱི་འདུག དེ་དཔེ་གལ་ཆེན་པོ་རེད། དེར་བརྟེན། ང་རང་ཚོའི་གཞུང་དང་ཚོགས་པ་ཚང་མས་ཁུར་བླངས་ནས། མི་རིགས་གཞན་གྱི་སྐད་ཡིག་ཐོག་ཡོད་པའི་ཕན་ཐོགས་ཅན་གྱི་རིག་གནས་དེ་དག ང་ཚོས་གང་མང་མང་ཞིག་བོད་སྐད་ཐོག་སྒྱུར་ཐུབ་ན་ཡག་པོ་འདུག་”ཅེས་བརྗོད་སོང་།

yang ckuk wokshopཝ་ཎ་མཐོ་སློབ་ཀྱི་སློབ་ཐོན་པ་གཡང་ཕྱུག་གིས། “ཟབ་སྦྱོང་འདིར་ཞུགས་དགོས་དོན། ང་རང་སྤྱིར་བཏང་ཡིག་སྒྱུར་གྱི་ལས་ཀ་ལ་དགའ་པོ་ཡོད། དེར་བརྟེན། ཟབ་སྦྱོང་འདིར་འཛུལ་ན་ཕན་ཐོགས་ཡོང་ས་རེད་བསམ་སོང་། རྩ་བས་མི་མང་པོ་ཞིག་གིས་ཡིག་སྒྱུར་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་མང་ཆེ་བས་སྒྲུང་ལྟ་བུའི་རིགས་མ་གཏོགས་རྩོམ་རིག་དེ་འདྲ་སྒྱུར་མཁན་ཉུང་ཉུང་རེད། བོད་ནང་ལ་ཆ་བཞག་ན། རྒྱ་ཡིག་གི་ཐོག་ནས་ཚུར་སྒྱུར་གྱི་ཡོད་པ་ནང་བཞིན། ང་རང་ཚོ་བཙན་བྱོལ་ནང་ལ་ཡོད་མཁན་ཚོ་ཡིན་ན་ཡང་། དབྱིན་ཡིག་ཡག་པོ་སྦྱང་ནས་དབྱིན་ཡིག་གི་ཐོག་ནས་ཚུར་སྒྱུར་དགོས་པ་རེད་བསམ་གྱི་ཡོད་”ཅེས་བརྗོད་སོང་།

ཁྱེད་ཀྱིས་གཟིགས་མེད་སྲིད།