དབྱིན་ཡིག་ཐོག་བྲིས་པའི་གཡག་རྭ་ཞེས་པའི་དཔེ་དེབ།

bhuchung d sonamདེ་རིང་རྩོམ་པ་པོ་བུ་ཆུང་བསོད་ནམས་ཀྱིས་དབྱིན་ཡིག་ཐོག་བརྩམས་པའི་གཡག་རྭ་ཞེས་པའི་དཔེ་དེབ་དེ་དབུ་འབྱེད་བྱས་སོང་ལ། རྩོམ་པ་པོས་“གཡག་རྭ་དང་གཡག་གི་སྐོར་བཤད་སྐབས་བོད་མི་ཚང་མས་བོད་པའི་སྐོར་དྲན་ཡོང་གི་ཡོད་པས། བོད་དྲན་གསོ་ཆེད་དེབ་ཀྱི་མིང་ལ་གཡག་རྭ་བཏགས་པ་ཡིན་”ཞེས་འགྲེལ་བརྗོད་གནང་སོང་།

bhuchung d sonam2དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་གྱི་ཕྱི་དྲོ་དྷ་ས་མེག་གྷན་དུ་བོད་སྨྱུག་གིས་པར་སྐྲུན་བྱས་པའི་<<གཡག་རྭ་>>ཞེས་པའི་དཔེ་དེབ་དེ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་པ་དང་། དེར་དབྱིན་ཡིག་ཐོག་རྩོམ་ཡིག་འབྲི་མཁན་བདེ་ཆེན་སྤེན་པའི་གཙོ་སྐྱོང་འོག བསྟན་འཛིན་བརྩོན་འགྲུས་དང་། ལྡོམ་པ་ཚེ་རིང་དབང་མོ། བསྟན་འཛིན་བདེ་སྐྱིད། བུ་ཆུང་བསོད་ནམས་བཅས་ཀྱིས་སོ་སོས་དབྱིན་ཡིག་ཐོག་བྲིས་པའི་རྩོམ་ཡིག་ཁག་ཅིག་སྒྲོགས་སྦྱང་བྱས་སོང་ལ། ཁོང་ཚོ་ནི་དབྱིན་ཡིག་ཐོག་རྩོམ་ཡིག་འབྲི་མཁན་ཤ་སྟག་རེད།

བུ་ཆུང་བསོད་ནམས་ཀྱིས་དེབ་དེའི་མིང་ལ་གཡག་རྭ་འདོགས་དགོས་པའི་རྒྱུ་མཚན་སྐོར་ངོ་སྤྲོད་གནང་དོན། “ང་རང་ཆུང་ཆུང་སྐབས་སུ་བོད་དུ་སྡོད་སྐབས། གཡག་གི་རྭ་ཅོ་ཁྱིམ་ཚང་གི་རྒྱལ་སྒོའི་ཐོག་དང་། མ་ཎི་རྡོ་འབུམ། མཆོད་རྟེན་ཡོད་ས། ལ་རྩེ་མཐོན་པོ་སོགས་སུ་འཇོག་སྲོལ་ཡོད་པས། དེ་ངས་གསལ་པོ་དྲན་པ་དང་། གཡག་ཟེར་དུས་ཚང་མས་བོད་དྲན་ཡོང་གི་ཡོད་པ་རེད། དེང་སྐབས་བོད་ཀྱི་ངོ་བོ་དེ་གལ་ཆེན་པོ་ཡིན་པས། བོད་ཀྱི་ངོ་བོ་འཛིན་ཐུབ་པ་དང་། བོད་དྲན་གསོ་ཡོང་ཆེད་དུ་<<གཡག་གི་རྭ་ཅོ་>>ཞེས་བཏགས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

དེབ་དེའི་ནང་དོན་སྐོར་གསུང་དོན། བོད་ནང་ནས་རྩོམ་པ་པོ་ཚོའི་དེབ་ཀྱི་སྐོར་ལ་དཔྱད་པ་དང་ངོ་སྤྲོད་སྐོར་ཞིག་ཡོད། དེང་དུས་ཀྱི་བོད་ཀྱི་གཞས་དང་རོལ་དབྱངས་སྐོར། ༧གོང་ས་མཆོག་བགྲེས་ཡོལ་གནང་བ་དང་། བོད་ཀྱི་ཆབ་སྲིད་འཕོ་འགྱུར་སྐོར་ལ་ང་རང་གི་མཐོང་ཚུལ་དང་དཔྱད་བརྗོད་བྲིས་ཡོད་པ་རེད་”ཅེས་བརྗོད་སོང་།

bhuchung d sonam3དེབ་དེ་འདོན་དགོས་དོན་སྐོར་གསུང་དོན། “རྒྱ་ནག་གིས་བོད་ཀྱི་སྐོར་ལ་འཁྱོག་བཤད་མང་པོ་བྱེད་ཀྱི་ཡོད་པ་དང་། ཕྱི་རྒྱལ་ཚོས་བོད་ཀྱི་སྐོར་འབྲི་ཡི་ཡོད་པ་རེད། དེ་གཉིས་བར་ནས་བོད་ཀྱི་གནས་སྟངས་དང་ལོ་རྒྱུས་ངོ་མ་དེ་བརླག་འགྲོ་བའི་ཉེན་ཁ་འདུག དེར་བརྟེན། ང་རང་ཚོས་བོད་ཀྱི་སྐོར་འབྲི་དགོས་པ་དེ་གལ་ཆེན་པོ་འདུག དེ་བཞིན་བོད་ནང་ནས་༢༠༠༨ ལོ་ནས་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་དེ་ཚོ་ཕྱི་རྒྱལ་ཁག་གི་བོད་པ་མི་རབས་གསར་པ་ཚོར་ངོ་སྤྲོད་ཆེད་དུ་ཡིན། བོད་ཡིག་མི་ཤེས་མཁན་ཡོད་པས། བོད་ནང་གི་རྩོམ་པ་པོ་དང་ཕྱི་རྒྱལ་གྱི་བོད་པ་ཚོའི་བར་དུ་བར་ཐག་ཅིག་ཡོད་པས། བོད་ནང་གི་རྩོམ་པ་པོས་ག་རེ་བྲིས་ཡོད་པ་དེ་ཕྱི་རྒྱལ་ཁག་གི་གཞོན་སྐྱེས་ཚོས་ཧ་གོ་བ་དང། བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་འཁྱོངས་ཡོང་ཆེད་དུ་དམིགས་པ་ཡིན་”ཞེས་བརྗོད་སོང་།

ཁྱེད་ཀྱིས་གཟིགས་མེད་སྲིད།