༧གོང་ས་མཆོག་གིས་བོད་ཀྱི་ཁ་ཆེ་ཚོར་བཀའ་སློབ་གནང་བ།

dalai lama muslims1ཟླ་འདིའི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་༧གོང་ས་མཆོག་གིས་ཤི་རི་ན་ག་བོད་རིགས་ཁ་ཆེའི་སློབ་གྲྭའི་མདུན་ཐང་དུ་གསུང་བཤད་གནང་བ་དང་། བོད་ཀྱི་བདེན་མཐའ་གསལ་སྐབས་ང་ཚོ་ཚང་མ་དགའ་བཞིན་སྤྲོ་བཞིན་སོ་སོའི་ལུང་པར་སླེབས་ཐུབ་ན་ཡག་པོ་འདུག་ཅེས་གསུངས་སོང་།

ས་གནས་དེའི་བོད་ཀྱི་སློབ་གྲྭའི་མདུན་ཐང་དུ་༧གོང་ས་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨོ་མར་ཨབ་དུལ་ལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང། དེ་བཞིན་བོད་རིགས་ཁ་ཆེའི་གནད་ཡོད་མི་སྣས་དཀར་གཙང་མཇལ་དར་དང་སློབ་ཕྲུག་རྣམས་ཀྱིས་ལག་ཏུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་མེ་ཏོག་ཐོགས་ཏེ་ཕེབས་བསུ་ཞུས་ཡོད་པ་རེད།

དེ་ཡང་མཛད་སྒོར་གནད་ཡོད་སྐུ་མགྲོན་རྣམས་དང་བོད་རིགས་ཁ་ཆེ་མི་མང་། སློབ་ཕྲུག་བཅས་ལྷན་འཛོམས་ཐོག བོད་རིགས་ཁ་ཆེའི་སློབ་གྲྭའི་སློབ་སྤྱི་ཨ་མར་ལུ་ལ་མཱ་ལཱིག་གིས་ཐོག་མར་གསུང་བཤད་གནང་བའི་ནང་། དེ་རིང་༸གོང་ས་མཆོག་ས་གནས་འདིར་༸ཞབས་སོར་འཁོད་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། ༸གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་ཞུས་ཡོད་པ་རེད།

དེ་རྗེས་བོད་རིགས་ཁ་ཆེའི་སློབ་ཕྲུག་གཅིག་གིས་ཁ་ཆེའི་ཆོས་ཕྱོགས་ཀྱི་འདོན་པ་བཏོན་པ་དང་། དེ་ནས་སློབ་ཕྲུག་བཞིས་བསྟོད་པའི་གླུ་དབྱངས་འབུལ་ལམ་ཞུས། སློབ་གྲྭ་དེའི་སློབ་ཕྲུག་བུ་མོ་ཞིག་གིས་སྐུའི་རླབས་ཆེན་གྱི་མཛད་ཁུར་གསུམ་མཛད་སྒོར་བཅར་བའི་མི་མང་ཡོངས་ལ་ངོ་སྤྲོད་ཞུས་རྗེས་སྐུའི་མཛད་ཁུར་དེ་དག་སློབ་ཕྲུག་རྣམས་ཀྱིས་དངོས་སུ་ལག་ལེན་བསྟར་རྒྱུའི་དམ་བཅའ་ཕུལ་བ་ཕུལ་བ་ཡིག་ཐོག་ཏུ་བྲིས་པའི་པར་སྒྲོམ་ཐོག་༧གོང་ས་མཆོག་གིས་མཚན་རྟགས་གནང་ཡོད་པ་རེད།

སློབ་ཕྲུག་ཚོས་བོད་གཞས་དང་ཀ་ཤི་མིར་སོགས་ཀྱི་གཞས་སྣ་གཟིགས་འབུལ་ཞུས་རྗེས་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་ན་སིར་ཁུ་ཛ་ཡིས་༧གོང་ས་མཆོག་ལ་ཕེབས་སུའི་གསུང་བཤད་གནང་བ་དང་སྦྲགས། ང་ཚོ་འདི་ག་ཀ་ཤི་མིར་ལོ་ངོ་ལྔ་བཅུ་བརྒལ་བ་ཡུལ་མི་རྣམས་དང་ལྷན་བདེ་སྐྱིད་ལྡན་པའི་ངང་གནས་ཡོད་སྐོར་དང་། དེ་བས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འདི་གའི་སློབ་གྲྭར་རོགས་སྐྱོར་རྒྱ་ཆེ་གནང་བར་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨོ་མར་ཨབ་དུལ་ལས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ས་གནས་འདིར་ལོ་ཉེར་བཞིའི་རིང་ཕེབས་སྒུག་ཞུས་པ་ཡིན། ཀ་ཤི་མིར་མངའ་སྡེ་གཞུང་ནས་བོད་མི་ཁ་ཆེ་ཚོར་སྔར་ལྷག་རོགས་སྐྱོར་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

དེ་རྗེས་སྤྱི་ནོར་༧གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་གནང་སྐབས། ༧གོང་ས་མཆོག་ས་གནས་དེར་ཕེབས་ཐུབ་པར་ཐུགས་མཉེས་པོ་བྱུང་སྐོར་དང་། བོད་སྐད་ཤེས་མཁན་ག་ཚོད་ཡོད་བཀའ་འདྲི་ཞུས་པ་དང་། སློབ་གྲྭ་དེ་ཚགས་ཚུད་པོ་ཡོད་པར་དགའ་པོ་བྱུང་ཡོད་སྐོར་གསུངས་སོང་།

dalai lama- muslims༧གོང་ས་མཆོག་གིས་ཤེས་ཡོན་སྦྱོང་དགོས་པ་དང་། ཡ་རབ་བཟང་སྤྱོད་དགོས་སྐོར་གསུང་དོན། “མིའི་སྤྱི་ཚོགས་སུ་ཤེས་ཡོན་གལ་ཆེན་པོ་རེད་ལ། ཤེས་ཡོན་ཡོད་ན་རྒྱལ་ཁབ་སོ་སོ་ཡིན་ཡང་མདུན་ལམ་ཡག་པ་བསྒྲུབ་ཐུབ་པ་དང་། སྤྱི་ཚོགས་ཀྱི་ཆ་ནས་རེད། མི་སྒེར་ཡིན་ནའང་རེད། ཤེས་ཡོན་གལ་ཆེན་པོ་རེད། ཡིན་ཡང་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པའི་ཤེས་ཡོན་དེ་ཚད་མཐོན་པོ་ཡོད་ཀྱང་། ནང་སེམས་ལ་ཞི་བདེ་ཡོང་དང་མི་ཡོང་ཐེ་ཚོམས་རེད་འདུག དངོས་པོ་ཡར་རྒྱས་ཀྱི་ཤེས་ཡོན་གལ་ཆེན་པོ་རེད་ལ། ནང་སེམས་ལ་བྱམས་བརྩེ་དང་ཞི་བདེ་ཡོང་བ་དང་མཉམ་དུ་འགྲོ་རྒྱུ་གལ་ཆེན་པོ་འདུག་”ཅེས་སེམས་བཟང་པོ་བྱེད་དགོས་པ་ཆོས་ལུགས་ཚང་མའི་ལྟ་གྲུབ་གཅིག་པ་ཡིན་སྐོར་བཀའ་སློབ་གནང་འདུག

༧གོང་ས་མཆོག་གིས་བོད་ཀྱི་གནས་སྟངས་སྐོར་གསུང་དོན། “བཙན་བྱོལ་དུ་སྡོད་པའི་རིང་ང་ཚོ་སྐྱིད་སྡུག་མཉམ་མྱོང་བྱས་ནས་བསྡད་པ་རེད། མ་འོངས་པར་བོད་པའི་གནས་སྟངས་སྔ་ཕྱི་མ་གཏོགས་འགྱུར་བ་ཏན་ཏན་འགྲོ་ཡི་རེད། དེ་འདྲའི་སྐལ་བཟང་དུས་བཟང་ཞིག་ཤར་བའི་སྐབས་ཁྱེད་རང་ཚོ་མང་པོ་ཞིག་བོད་ལ་ལོག་རྒྱུའི་འདོད་པ་ཡོད་པ་རེད། (མཚམས་དེར་པ་ལགས་ཅིག་ལ་ལོག་གི་ཡིན་ནམ་ཞེས་བཀའ་འདྲི་ཞུས།) ང་རང་ཚོས་དཀའ་ལས་རྒྱག་སྐབས་མཉམ་དུ་བརྒྱབ། འབྲས་བུ་སྐལ་བཟང་དུས་བཟང་ཞིག་ཡོང་བའི་ཚེ་ང་ཚོ་ཚང་མ་དགའ་བཞིན་སྤྲོ་བཞིན་གཟི་བརྗིད་ལྡན་པའི་ངང་སོ་སོའི་ལུང་པར་སླེབས་ཐུབ་ན་ཡག་པོ་འདུག  (བོད་མིའི་སྒྲིག་འཛུགས་ནང་)ཁྱེད་རང་ཚོ་ལས་བྱེད་པ་ཁ་ཤས་ཡོང་ཐུབ་ན་ཡག་པོ་འདུག དེ་ཁྱེད་རང་ཚོའི་སེམས་ལ་ཞོག སོ་སོའི་བློ་ལ་འབབ་པ་ཞིག་དགོས་པ་རེད་”ཅེས་མ་འོངས་པར་དངུལ་དངོས་ཀྱི་དཀའ་ངལ་འཕྲད་ན་མངའ་སྡེ་གཞུང་གི་རོགས་པ་བྱེད་ཀྱི་རེད་ལ། ང་ཚོར་ལབ་དགོས་བྱུང་ན། ལབ་རོགས་”ཞེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ཀྱིས་སློབ་གྲྭའི་མདུན་ཐང་དུ་དྲན་རྟེན་ཤིང་སྣ་འདེབས་འཛུགས་མཛད།

ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་ཁ་ཆེའི་སློབ་གྲྭའི་ དགེ་རྒན་རྣམས་དང་བོད་རིགས་ཁ་ཆེའི་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་རྣམ་པ། བོད་རིགས་ཁ་ཆེ་བ་རྒན་གྲས་རྣམས་ལ་མཇལ་ཁ་དང་གསུང་མོལ། སྐུ་པར་སོགས་ལྷན་དུ་བསྒྲོན་ཏེ་ཧ་ཝེལ་བོད་རིགས་ཁ་ཆེའི་ཕྱག་འཚལ་ཁང་ངམ་ལྷ་ཁང་ ལ་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་ཏེ་ཕྱག་འཚལ་ཁང་དེར་ལྷན་དུ་སྨོན་ལམ་གསུང་ འདོན་དང་བཀའ་སློབ་སྙིང་བསྡུས། ཁོང་རྣམ་པའི་ལྷན་སྐུ་པར་ཡང་བསྒྲོན་གནང་མཛད་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།