བོད་གཞུང་ལ་ཞབས་ཕྱི་ཞུ་འདོད་ཡོད་ཅེས་བརྗོད་སོང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་སྤུས་ཚད་ཡར་རྒྱས་གཏོང་སླད། བཞུགས་སྒར་དྷ་སའི་ཉེ་འདབས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། ཟླ་འདིའི་ཚེས་༩ ཉིན་ནས་ཟླ་བ་༥ རིང་ལས་བྱེད་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་པ་རེད།
ཐེངས་འདིའི་ལས་བྱེད་ཟབ་སྦྱོང་བ་ཚང་མ་མཐོ་སློབ་ཐོན་མཁན་ཤ་སྟག་ཡིན་པ་མ་ཟད། དངོས་གཞིའི་ཡིག་རྒྱུགས་ནང་འཛུལ་ཞུགས་ཀྱི་ཆ་རྐྱེན་ཚང་བ་མི་གྲངས་ ༡༦༤ བྱུང་བའི་ནང་ནས་རྩེ་ཕུད་༤༠ བདམས་པ་ཞིག་ཡིན་པ་དང་། མ་འོངས་པར་ཡིག་རྒྱུགས་ཀྱི་ལམ་ནས་གཞུང་གི་ལས་བྱེད་ནང་ཞུགས་ན། དེའི་སྐབས་ལས་དོན་ཚགས་ཚུད་ཡོང་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད།
འདི་གའི་གསར་འགོད་པས་ལས་བྱེད་ཟབ་སྦྱོང་བ་ཁག་ཅིག་ལ་ཟབ་སྦྱོང་འདིའི་མ་འོངས་པར་ཕན་ཐོགས་གང་ཡོད་དང་། སོ་སོ་ལས་བྱེད་ཟབ་སྦྱོང་འདིར་འཛུལ་ཞུགས་བྱ་དགོས་པའི་དམིགས་ཡུལ་སྐོེར་བཅར་འདྲི་བྱས་པར།
དྷེ་ར་དྷུན་ནས་གློག་ཀླད་ཀྱི་ཐོག་ལ་སློབ་སྦྱོང་ཐོན་པ་པད་མ་གཡུ་སྒྲོན་གྱིས། “ང་རང་ཟབ་སྦྱོང་འདིར་འཛུལ་དགོས་པའི་དམིགས་ཡུལ་གཙོ་བོ་དེ། བོད་གཞུང་གི་ལས་བྱེད་ཅིག་ཆགས་རྒྱུའི་རེ་བ་བཟུང་ཡོད། གང་ཡིན་ཟེར་ན། སོ་སོ་ལ་ས་ཆ་མེད་ན་ཡང་བོད་གཞུང་དང་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། མིའི་ལུང་པར་གཞིས་ཆགས་ནས་འདུག་ཐབས་བྱུང་བ་རེད། ད་དུང་སོ་སོའི་སློབ་སྦྱོང་དང་ཕྱོགས་གང་ཐད་ནས་བོད་གཞུང་བཀའ་དྲིན་ཆེན་པོ་རེད། དེར་བརྟེན། ང་རང་མ་འོངས་པར་གཞུང་གི་ལས་བྱེད་ཅིག་ཆགས་ཐབས་ཆེད་འདིར་ཡོང་བ་ཡིན”ཞེས་བརྗོད་སོང་།
ཡང་ཁོང་གིས་ཟབ་སྦྱོང་འདིའི་ཁེ་ཕན་སྐོར་གསུང་དོན། “དེ་དངོས་གནས་ཕན་ཐོགས་ཆེན་པོ་འདུག གང་ཡིན་ཟེར་ན། སྔོན་མ་ཡིན་ན། སོ་སོས་ཡིག་ཚད་འཕྲོད་པ་ཡིན་ན་ས་གནས་ཁག་ལ་རྒྱུས་ཡོད་མེད་དང་། སོ་སོས་དོ་སྣང་ཡོད་སའི་ལས་སྣེ་གང་ཡིན་ལ་མ་ལྟོས་པར་ལས་ཀ་བྱེད་སར་གཏོང་རྐྱང་བྱེད་ཀྱི་ཡོད་པ་རེད། གནས་སྟངས་དེའི་འོག་ནས་ལས་བྱེད་པ་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་མ་ཟད། མཐར་ལས་སྣེ་དེ་ལས་དགོངས་པ་ཞུས་ཏེ་འགྲོ་མཁན་ཡང་མང་པོ་ཡོང་གི་ཡོད་རེད་ལ། ཡང་ཁག་ཅིག་གིས་སོ་སོའི་ལས་ཀ་གཡུགས་ཏེ་ལས་ཀ་གཞན་པ་འཚོལ་མཁན་ཡང་ཡོད་རེད། དེར་བརྟེན། ང་ཚོས་ཟབ་སྦྱོང་འདི་མུ་མཐུད་ནས་འགྲོ་ཐུབ་ན། དཀའ་ངལ་དེའི་རིགས་ཡོང་གི་མ་རེད་ལ། སོ་སོའི་འདོད་པ་ཡོད་པའི་ལས་སྣེ་དེ་བྱ་རྒྱུ་བྱུང་ཚེ་སྤྱི་ཚོགས་ལ་ནུས་པ་ཡང་ཤུགས་ཆེན་པོ་ཐོན་ཐུབ་ཀྱི་རེད”ཅེས་བརྗོད་སོང་།
མ་ཏ་ར་སུ་གཙུག་ལག་སློབ་གཉེར་ཁང་ནས་རྩིས་ཀྱི་ཐོག་ལ་སློབ་ཐོན་པ་འཕྲིན་ལས་དབང་སྟོབས་ཀྱིས། “ད་ལྟའི་བར་སློབ་སྦྱོང་གི་འགྲོ་གྲོན་ཚང་མ་བོད་གཞུང་གིས་བཏང་བ་རེད། ང་རང་ཡིན་ན་བོད་ནས་གསར་དུ་སླེབས་པ་ཡིན་དུས། ༧གོང་ས་མཆོག་དང་བོད་གཞུང་གིས་ལྟ་རྟོག་མ་བྱས་ན་མིའི་ལུང་པར་འཚོ་ཐབས་ཁག་པོ་རེད། ཡིན་ན་ཡང་ད་ལྟ་སོ་སོ་ཆེན་པོ་ཆགས་ནས་སློབ་སྦྱོང་གི་གྲུབ་འབྲས་གང་འཚམས་ཐོབ་པ་དེ་བོད་གཞུང་དང་༧གོང་ས་མཆོག་གི་བཀའ་དྲིན་རེད། ད་ལྟ་སོ་སོར་གཞུང་ལ་ཞབས་ཕྱི་ཞུ་རྒྱུའི་ནུས་པ་ཏོག་ཙམ་ཡོད་དུས། གཞུང་ལ་ཞབས་ཕྱི་མ་ཞུས་ན་འགྲིག་གི་ཡོད་པ་མ་རེད། དེར་བརྟེན། མ་འོངས་པར་བོད་མའི་སྤྱི་ཚོགས་གང་ཞིག་ཏུ་ལས་ཀ་བྱ་དགོས་བསམ་ཏེ། ཟབ་སྦྱོང་འདི་འཛུལ་ཞུགས་བྱས་པ་ཡིན”ཞེས་བརྗོད་སོང་ལ།
ཡང་ཁོང་ལ་མ་འོངས་པར་ཁྱེད་རང་གིས་ཡིག་ཚད་འཕྲོད་པ་ཡིན་ན། ལྷན་ཁང་གང་དུ་ལས་ཀ་བྱ་འཆར་ཡོད་ཅེས་དྲིས་པར། “རྩ་བས་ང་རང་རྩིས་ཀྱི་ཐོག་ནས་སློབ་སྦྱོང་མཐར་ཕྱིན་པ་ཡིན་དུས། དཔལ་འབྱོར་ལས་ཁུངས་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་རེད་ལ། དེ་ནང་བཞིན་ལྷན་ཁང་གཞན་དག་ལ་ཡང་རྩིས་ཀྱི་ལས་ཀ་བྱེད་ས་ཡོད་རེད། ཡིན་ན་ཡང་གཙོ་བོ་བོད་གཞུང་གིས་གང་དུ་སོང་ཟེར་ན་དེ་ལ་འགྲོ་རྒྱུ་ཡིན”ཞེས་བརྗོད་སོང་།
ཝ་ཎ་མཐོ་སློབ་ཀྱི་སློབ་ཐོན་པ་ཨོ་རྒྱན་ཆོས་སྐྱིད་ཀྱིས། “ང་རང་ཟབ་སྦྱོང་འདིེར་ཚུད་པར་ཧ་ཅང་དགའ་པོ་བྱུང་། ཟབ་སྦྱོང་འདིར་འཛུལ་དགོས་པའི་དམིགས་ཡུལ་གཙོ་བོ་དེ། ང་ཚོ་སློབ་གྲྭར་ཡོད་དུས། སྐབས་ཐོག་གི་སོ་སོའི་སློབ་ཚན་དང་འབྲེལ་བའི་རིགས་མ་གཏོགས། གཞན་བོད་དོན་དང་འབྲེལ་བའི་ཆབ་སྲིད་སྐོར་གྱི་སློབ་ཚན་ཉུང་ཉུང་རེད། ཡིན་ན་ཡང་ད་ལོར་བཀའ་བློན་ཁྲི་པས་མ་འོངས་པར་སྲི་ཞུ་བ་ཚད་ལྡན་དགོས་པ་གལ་ཆེན་པོར་བརྩིས་ཏེ། ཟབ་སྦྱོང་འདི་འདྲ་ཞིག་གསར་དུ་གོ་སྒྲིག་བྱས་པ་གོ་སྐབས་ཡག་པོ་མཐོང་སོང་། གང་ཡིན་ཟེར་ན། ཟབ་སྦྱོང་འདིར་འཛུལ་པ་ཡིན་ན། བོད་དོན་དང་འབྲེལ་བའི་ཆབ་སྲིད་དང་བོད་མིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་མང་པོ་ཞིག་གསར་དུ་ཤེས་ཐུབ་ཀྱི་རེད་བསམ་ཡོད། ཡང་ཕྱོགས་གཞན་ཞིག་ནས་བོད་གཞུང་བཀའ་དྲིན་ཆེན་པོ་རེད། དེར་བརྟེན། མ་འོངས་པར་བོད་མིའི་སྤྱི་ཚོགས་གང་ཞིག་ཏུ་ལས་ཀ་བྱ་དགོས་བསམ་ཏེ། ང་རང་ཟབ་སྦྱོང་འདིར་འཛུལ་ཞུགས་བྱས་པ་ཡིན” ཞེས་བརྗོད་སོང་།
ཡང་ཁོང་ལ་མ་འོངས་པར་ཁྱེད་རང་གིས་ཡིག་ཚད་འཕྲོད་པ་ཡིན་ན། ལྷན་ཁང་གང་དུ་ལས་ཀ་བྱ་འཆར་ཡོད་ཅེས་དྲིས་པར། “ད་ལྟའི་ཆར་ངས་ལྷན་ཁང་ཁག་གི་འགྲོ་སྟངས་ཡག་པོ་ཤེས་ཀྱི་མེད། ཡིན་ན་ཡང་ཟབ་སྦྱོང་འདིར་ང་ཚོ་ལ་བོད་གཞུང་གི་ལྷན་ཁང་ཁག་དང་། དེ་བཞིན་བོད་དོན་དང་འབྲེལ་བའི་ཆབ་སྲིད་དེ་ཚོ་འཁྲིད་ཀྱི་ཡོད་རེད། ཡིན་ན་ཡང་མིང་རང་གི་ཐོག་ནས་བདམས་པ་ཡིན་ན། ངས་ཆོས་རིག་ལས་ཁུངས་བདམས་ས་རེད། གང་ཡིན་ཟེར་ན། ངས་ཝ་ཎ་ནས་ནང་ཆོས་སྦྱངས་པ་དེ་དང་འབྲེལ་བ་འདུག”ཅེས་བརྗོད་སོང་།
བྷེང་ལོར་མཐོ་སློབ་ནས་གློག་ཀླད་ཀྱི་ཐོག་ལ་སློབ་ཐོན་པ་བསྟན་འཛིན་མཆོག་ལྡན་གྱིས། “དངོས་གནས་བྱས་ན་ང་རང་གིས་མུ་མཐུད་དུ་གློག་ཀླད་ཀྱི་ཐོག་ལ་གཙུག་ལག་སློབ་གྲྭར་འགྲོ་དགོས་བསམ་ཡོད། ཡིན་ན་ཡང་ཕྱོགས་མང་པོ་ཞིག་ལ་བལྟས་ཡོང་དུས། རྩ་བས་གློག་ཀླད་ཀྱི་སྒང་ལ་གཙུག་ལག་སློབ་ཐོན་པའི་རིགས་འགང་ཆེན་པོ་ཡིན་དུས། ང་དང་སློབ་སྦྱོང་གི་ཁ་ཕྱོགས་གཅིག་པ་མང་ཆེ་བས། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་སོ་སོའི་འདོད་པ་དང་མཐུན་པའི་ཟླ་ཕོགས་མ་རག་ནས་རྒྱ་གར་གྱི་སྤྱི་ཚོགས་ནང་ལ་ལས་ཀ་བྱེད་སར་འགྲོ་ཡི་ཡོད་པ་རེད། གཉན་ཕྲེང་ཅན་གྱི་དུས་ཚོད་འདིར་སོ་སོ་འགྲོ་ས་གང་རག་དང་། མགོ་གང་བདེ་བྱས་ནས་སོང་ན་འགྲིག་གིོ་ཡོད་མ་རེད། ང་ཚོ་བོད་མི་ཚང་མས་མཉམ་དུ་ཤུགས་རྒྱག་དགོས་པའི་དུས་ཚོད་ཅིག་རེད། དེར་བརྟེན། བསམ་བློ་ནན་གྱིས་བཏང་པ་ཡིན་ན། གཙུག་ལག་སློབ་སྦྱོང་གི་གོ་སྐབས་དེ་ག་དུས་ཡིན་ན་ཡང་རག་སྲིད་པ་ཞིག་རེད། ཡིན་ན་ཡང་དུས་ཚོད་འདི་འདྲ་ཞིག་ལ་གཞུང་ལ་ཞབས་ཕྱི་ཞུ་རྒྱུའི་དུས་ཚོད་དཀོན་པོ་རེད་བསམ་ནས། ང་རང་གཞུང་གི་ལས་བྱེད་ཟབ་སྦྱོང་འདིར་འཛུལ་ཞུགས་བྱས་པ་ཡིན་”ཞེས་བརྗོད་སོང་།
པུ་ནེ་མཐོ་སློབ་ཀྱི་སློབ་ཐོན་པ་བསྟན་འཛིན་ཉི་མས། “ང་རང་གིས་བཀའ་བློན་ཁྲི་པ་བློ་བཟང་སང་གེས་ལས་བྱེད་ཟབ་སྦྱོང་འདི་འདྲ་ཞིག་གསར་འཛུགས་བྱས་པ་དེ་གོ་སྐབས་བཟང་པོ་ཞིག་མཐོང་སོང་། གང་ཡིན་ཟེར་ན། ད་ལྟའི་བར་འདི་འདྲའི་ཟབ་སྦྱོང་ཞིག་ཚུགས་མྱོང་ཡོད་པ་མ་རེད། དེར་བརྟེན། ཟབ་སྦྱོང་འདི་བརྒྱུད་ནས་ང་ཚོས་བོད་ཀྱི་ཆབ་སྲིད་དང་རིག་གཞུང་སོགས་གསར་དུ་ཤེས་དགོས་པ་མང་པོ་ཞིག་ཡོད་པ་རེད་ལ། ལྷག་པར་དུ་བོད་རྒྱ་གཉིས་ཀྱི་གནས་སྟངས་ཞིབ་ཕྲ་ཤེས་ཐུབ་ཀྱི་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། མཐོ་སློབ་ཀྱི་སྐབས་སུ་ང་ཚོས་སོ་སོའི་སློབ་ཚན་དང་འབྲེལ་བའི་རིགས་མ་གཏོགས་གཞན་སྦྱང་གི་མ་རེད། དེར་བརྟེན། ང་རང་ཚོ་བོད་མིའི་རིག་གཞུང་དང་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག གསར་དུ་ཤེས་ཐུབ་ཀྱི་རེད་བསམ་ནས་ང་རང་ཟབ་སྦྱོང་འདིར་ཞུགས་པ་ཡིན”ཞེས་བརྗོད་སོང་།
ཝ་ཎ་མཐོ་སློབ་ཀྱི་སློབ་ཐོན་པ་བསྟན་འཛིན་བློ་བཟང་གིས། “ང་རང་འདིར་འཛུལ་ཞུགས་བྱེད་དགོས་དོན་གཙོ་བོ་དེ། བསམ་ཤེས་ཅན་ཞིག་གམ་ཡང་ན་སློབ་སྦྱོང་ཡོད་མཁན་གྱི་མི་ཞིག་གི་སྐད་ཆའི་འགན་ཁུར་ཡོད་པའི་ཐོག་ནས་བཤད་ན། བོད་ནས་ཚུར་སླེབས་པ་ནས་བཟུང་སོ་སོས་འགྲོ་སོང་གཅིག་ཀྱང་གཏོང་མི་དགོས་པར་ང་ཚོ་གཞུང་གིས་གསོས་པ་རེད། དེ་མ་ཟད་སློབ་སྦྱོང་གི་གོ་སྐབས་ཀྱང་མི་དམན་པ་ཞིག་ཐོབ་ཡོད་རེད། དེ་ཚོ་ཚང་མ་བོད་གཞུང་གི་བཀའ་དྲིན་རེད། དེར་བརྟེན། མ་འོངས་པར་གཞུང་གི་ལས་ཁུངས་གང་ཞིག་ཏུ། ད་ལྟའི་བར་སོ་སོས་སློབ་སྦྱོང་གང་བྱས་པ་དེས་གཞུང་ལ་ཕན་ཐོགས་ཤིག་བསྒྲུབ་ཐུབ་པའི་ཆེད་དུ། ཟབ་སྦྱོང་འདིར་འཛུལ་ཞུགས་བྱས་པ་ཡིན། དེ་ནང་བཞིན་སོ་སོ་ལ་མཚོན་ན་ཡང་ལས་ཀ་ཞིག་དགོས་པ་གལ་ཆེན་པོ་རེད། ཟབ་སྦྱོང་འདི་བརྒྱུད་ནས་མ་འོངས་པར་གཞུང་གི་ལས་ཀ་ཞིག་རག་པ་ཡིན་ན། གཞུང་སྒེར་ཉིས་ཀར་ཕན་ཐོགས་ཡོང་གིོ་རེད་བསམ་གྱི་འདུག” ཅེས་བརྗོད་སོང་།
ཐེངས་འདིའི་ལས་བྱེད་ཟབ་སྦྱོང་གི་སློབ་ཚན་གཙོ་བོ་ཁག་ནི། བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་གལ་ཆེའི་རིགས་དང་། མང་གཙོའི་འཛིན་སྐྱོང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། དབྱིན་ཡིག གཏམ་བཤད་བྱེད་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དགོས་མཁོ་དང་འཚམས་པའི་རྩིས་ཀྱི་སློབ་འཁྲིད་གནང་རྒྱུ། ལས་དོན་འཆར་གཞི་བཟོ་སྟངས་དང་ལག་བསྟར་སྟངས་འཛིན་བྱེད་ཕྱོགས། ཀློག་ཀླད་བེད་སྤྱོད་བྱེད་སྟངས་སོགས་ཡིན་པ་རེད། །