བཀའ་ཟུར་ཨ་ལགས་འཇིགས་མེད་སྐུ་གཤེགས་པ།
ཟླ་འདིའི་ཚེས་༢༦ ཉིན་གྱི་ཕྱི་དྲོ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཀཱང་ར་རྫོང་སྨན་ཁང་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་སླེབས་འདུག
བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། དམ་པ་ཁོང་ཉེ་ཆར་ནས་སྐུའི་སྙུང་གཞི་བཞེས་ཡོད་པ་དང་། ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་ཀཱང་ར་རྫོང་གི་སྨན་ཁང་ཞིག་ཏུ་ཕེབས་ཡོད་ནའང་། ཕྱི་དྲོ་སྐུ་གཤེགས་ཡོད་འདུག
བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༣༨ ལོར་མདོ་སྨད་རེབ་གོང་རྒྱལ་བོ་དཔོན་ཚང་གི་སྲས་སུ་འཁྲུངས། དགུང་ལོ་ ༧ སྟེང་རེབ་གོང་རོང་པོ་དགོན་ཆེན་གྱི་འཇིགས་མེད་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཞུས།
༡༩༥༩ ལོའི་ཕྱི་ཟླ་ ༥ པའི་ནང་འབྲུག་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་པ་དང་། དེ་ནས་སྦག་ས་ཆོས་སྒར་དུ་མུ་མཐུད་སློབ་གཉེར་གནང་ཞིང་། བྱང་རྩེ་གྲྭ་ཚང་དུ་དབུ་མ་གསར་བའི་དམ་བཅའ་ཡང་བཞག ༡༩༦༥ ལོའི་ལོ་མཇུག་ཏུ་སྐབས་གསུམ་པའི་མདོ་སྨད་སྤྱི་འཐུས་ལ་འོས་འདེམས་བྱུང་ཞིང་། དེ་ནས་རིམ་བཞིན་སྤྱི་འཐུས་སྐབས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་སྤྱི་འཐུས་སྐབས་བཞིའི་ལས་རྒྱུན་ལོ་ ༡༣ རིང་གནང་། སྐབས་ལྔ་པའི་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་པ་དང་འོས་བསྡུའི་ཚོགས་ཆུང་གི་ཚོགས་གཙོ་གནང་བ་དང་། སྐབས་དྲུག་པའི་སྤྱི་འཐུས་ཚོགས་གཙོ་གནང་ཡོད།
༡༩༧༩ ལོ་ནས་ལོ་ ༦ རིང་རྩིས་ཞིབ་འགན་འཛིན་གནང་བ་དང་། ༡༩༨༥ ལོར་༧གོང་ས་མཆོག་གི་སྐུ་ཚབ་ཐེངས་བཞི་པ་བོད་དུ་བསྐྱོད་སྐབས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་མིང་ཐོག་ནས་ཕེབས། ༡༩༨༦ ལོར་ནང་སྲིད་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་རིང་ཕྱག་ལས་གནང་བ་དང་། དེ་ནས་བདེ་སྲུང་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་སོང་མཚམས་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་གིས་ལོ་ ༤ ཙམ་རིང་བདེ་སྲུང་བཀའ་བློན་གནང་། ལོ་དེར་ཀུན་གཟིགས་པཎ་ཆེན་རིན་པོ་བལ་ཡུལ་དུ་འཛམ་གླིང་ནང་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་སྐབས་༧གོང་ས་མཆོག་སྐུ་ཚབ་གནང་སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་དུ་ཕེབས། ༡༩༩༡ ལོར་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་བཞག་གིས་ལོ་ ༦ རིང་ཕྱག་ལས་གནང་། ༡༩༩༦ ལོར་བཅའ་ཁྲིམས་དགོངས་དོན་ལྟར་༧གོང་ས་མཆོག་གིས་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་དུ་ཐད་བསྐོས་གནང་།