ས་རཱ་གཞོན་ལྷན་རུ་ཁག་གི་བོད་ཀྱི་རིག་གནས་བགྲོ་གླེང་།

sara1_2012_8_1དེ་རིང་ཞོགས་པ་ས་རཱའི་གཞོན་ལྷན་རུ་ཁག་གི་གོ་སྒྲིག་འོག ཉིན་བཞིའི་རིང་གི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་<<གནའ་དེང་བོད་ཀྱི་རིག་གནས་དང་། མི་རབས་གསར་པའི་ཕུགས་བསམ་གླེང་བ་>>ཞེས་པ་དེ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༨། ༣༠ ཀྱི་སྟེང་། དྷ་སའི་ཉེ་འདབས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་སློབ་ཚོགས་ཁང་དུ། ས་རཱའི་གཞོན་ལྷན་རུ་ཁག་གི་གོ་སྒྲིག་འོག བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་དེ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གི་གཙོས་པའི། བོད་ཀྱི་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ། གཞན་ཡང་ཐེངས་འདིའི་རིག་གནས་བགྲོ་གླེང་ཐོག་ཆེད་དུ་བཅར་བའི་མཐོ་སློབ་ཁག་གི་བགྲོ་གླེང་བ་རྣམ་པ་དང་། ས་རྭ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་མཉམ་འཛོམས་བྱས་འདུག་ལ། མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་སོང་།

tashi_dundup_saraདེ་ནས་ས་རཱའི་གཞོན་ལྷན་རུ་ཁག་གི་ཚོགས་གཙོ་བཀྲ་ཤིས་དོན་འགྲུབ་ཀྱིས། བགྲོ་གླེང་གི་དམིགས་ཡུལ་སྙིང་བསྡུས་ངོ་སྤྲོད་གནང་སྐབས། མི་རབས་གསར་པ་ཚོའི་ངོས་ནས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་མི་རིགས་ཀྱི་འགན་ཁུར་ཏེ། མ་འོངས་པར་མི་རིགས་ཀྱི་རྩ་དོན་མ་བརླགས་པར་བོད་དོན་འཐབ་རྩོད་ལ་འབད་བརྩོན་བྱེད་དགོས་སྐོར་དང་། བགྲོ་གླེང་འདིའི་དམིགས་ཡུལ་གཙོ་བོ་རྩ་བས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་བཞིའི་ནང་ནས་བོད་ཀྱི་རིག་གཞུང་གཅེས་སྐྱོང་བྱེད་ཆེད་གོ་སྒྲིག་བྱས་པ་ཡིན་སྐོར་སོགས་ངོ་སྤྲོད་བྱས་སོང་།

ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པས། འདས་པའི་ལོ་རྒྱུས་དང་མ་འོངས་པའི་རེ་བ་གང་ནས་བལྟས་ཀྱང་། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་༧གོང་ས་མཆོག་ལས་གཞན་པའི་མཁྱེན་རྒྱ་དང་ནུས་པ་ཆེ་བའི་གང་ཟག་གཉིས་པ་ཞིག་མེད་སྐོར་དང་། མ་འོངས་པར་གཞོན་སྐྱེས་ཚོའི་ངོས་ནས་༧གོང་ས་མཆོག་གི་དགོངས་དོན་ལྟར། ལམ་ཁ་མ་ནོར་བའི་ཐོག་ནས་བོད་མི་རིགས་ཀྱི་རྩ་དོན་རྩོད་དགོས་སྐོར་སོགས་གསུངས་སོང་།

དེ་རྗེས་དབུས་བོད་ཀྱི་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས། རྒྱ་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ཀར་བཙན་འཛུལ་གྱིས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་གཏོར་སྐྱོན་ཅི་ཙམ་བཏང་ཡོད་པར་ཚང་མས་ཐུགས་ཁུར་བཞེས་དགོས་སྐོར་དང་། མི་རབས་གསར་པ་ཚོས་སོ་སོས་ལྟོ་གོས་འགྲིག་པ་ཙམ་གྱིས། ཡིད་ཚིམས་ནས་མི་སྡོད་པར་སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་། རིག་གཞུང་སྲུང་སྐྱོབ་ཆེད་ལས་ཀ་བྱས་དེ་རང་གི་མི་རིགས་ལ་ཞབས་འདེགས་ཞུ་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

མཐར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་འོག་ད་ལྟའི་བར་ང་ཚོའི་མི་རིགས་འདི་གང་འཚམ་གྱི་ཚགས་ཚུད་པོར་གནས་ཐུབ་པ་བྱུང་ཡོད་པ་དང། མ་འོངས་པ་ཡིན་ན་ཡང་བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པར་ཡུན་གནས་ཐུབ་པར་ནང་ཁུལ་འཆམ་མཐུན་དགོས་སྐོར། མི་རིགས་ནང་ཁུལ་མ་མཐུན་པ་ཡིན་ན་མི་རིགས་དེ་ཉམས་དམས་སུ་འགྲོ་རྒྱུ་སྔ་ཕྱི་ཞིག་ཡིན་ཚུལ་དང་། མི་རབས་གསར་པ་ཚོས་ལས་ཀ་ག་རེ་བྱས་པ་ཡིན་ན་ཡང་བསམ་བློ་ནན་གྱིས་བཏང་ནས། ལས་ཀ་ཞིབ་ཚགས་དང་ཚད་ལྡན་བྱས་ཏེ་བོད་དོན་འཐབ་རྩོད་ལ་འགན་ཁུར་དགོས་སྐོར་སོགས་ཀྱི་ལམ་སྟོན་གནང་སོང་།

sara_2012_8_1ས་རཱའི་གཞོན་ནུ་རུ་ཁག་གི་གོ་སྒྲིག་བྱས་པའི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་དེ་ཟླ་འདིའི་ཚེས་༡ ནས་ཉིན་བཞིའི་རིང་ས་རཱ་བོད་ཀྱི་མཐོ་སློབ་ཏུ་འཚོག་གི་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ཐོག་རྒྱ་གར་གྱི་གྲོང་ཁྱེར་ཁག་༡༨ ནས་མཐོ་རིམ་སློབ་མ་དང་། བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཁག་གི་སྐུ་ཚབ་བཅས་བགྲོ་གླེང་བ་༣༦ དང་། ཟུར་ཉན་པ་༣༠ ཁྱོན་སྡོམ་མི་གྲངས་༧༠ ལྷག་མཉམ་ཞུགས་བྱས་འདུག་ལ། ཉིན་དེ་དག་རིང་<<གནའ་དེང་བོད་ཀྱི་རིག་གནས་དང་། མི་རབས་གསར་པའི་ཕུགས་བསམ་གླེང་བ་>>ཞེས་བགྲོ་གླེང་གི་ཁ་བྱང་དུ་བཞག་སྟེ། སྤྱིར་བོད་ཀྱི་གནའ་དེང་གི་རིག་གནས་དང་། མ་འོངས་བོད་ཀྱི་སོན་རྩ་ཚོས་མི་རིགས་ཀྱི་འགན་ཁུར་ཕྱོགས་ཀྱི་ཐད་ནས་བགྲོ་གླེང་བྱེད་རྒྱུ་རེད་འདུག བརྗོད་གཞི་སྡེ་ཚན་སོ་སོའི་ཐོག་ཆེད་མཁས་པ་གདན་ཞུས་ཀྱིས་གཏམ་བཤད་གནང་རྒྱུ་ཡིན་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།