ཧུན་སུར་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།
རྒྱ་གར་ལྷོ་ཕྱོགས་ནས་འགོ་འཛུགས་གནང་བའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ། དེ་རིང་ཞོགས་པ་ཧུན་སུར་ནས་སྐོར་བསྐྱོད་གྲུབ་རྗེས་ཀོ་ལི་གྷལ་དོན་གླིང་གཞིས་ཆགས་སུ་རྩིས་སྤྲོད་བྱས་ཡོད་འདུག
དེ་ཡང་ཧུན་སུར་རབ་རྒྱས་གླིང་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་ཟླ་༧ ཚེས་ ༢༩ ཉིན་ཧུན་སུར་ཁུལ་དུ་འབྱོར་བ་དང་། ཕྱི་ཚེས་ ༣༠ ཉིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་སྐོར་བསྐྱོད་དང་། ཕྱི་ཚེས་ ༣༡ ཉིན་གཞིས་ཆགས་ཉེ་འཁྲིས་ཀྱི་གྲོང་ཁྱེར་དུ་ཁྲོམ་འདུས་དང་བསྟུན་སྐོར་བསྐྱོད་བྱས་སྐབས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་གྱིས་ཡུལ་སྐད་ཐོག་བདེན་པའི་མེ་ལྕེའི་ལས་འགུལ་ངོ་སྤྲོད་དང་། མང་ཚོགས་ལ་ཡུལ་སྐད་དང་དབྱིན་སྐད་ཐོག་ཡོད་པའི་ཡིག་ཆ་ཁག་འགྲེམས་སྤེལ་གནང་ཡོད།
ཕྱི་ཟླ་ ༨ ཚེས་ ༡ ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་དངོས་སུ་འགོ་འཛུགས་མ་ཞུས་གོང་། རབ་རྒྱས་གླིང་མི་མང་ཚོགས་ཁང་ནང་སྐུ་ཞབས། Mr. William D’Souza ལགས་སྐུ་མགྲོན་གཙོ་བོར་གདན་ཞུ་དང་འབྲེལ་མཛད་སྒོའི་ཐོག་མར་ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་གྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་བའི་གཏམ་བཤད་དང་། སྐུ་མགྲོན་གཙོ་བོ་སྐུ་ཞབས་ William D’Souza ལགས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་།
ཕྱི་ཚེས་ ༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༣༠ ཐོག་སླར་ཡང་གཞིས་ཆགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་འགོ་བཙུགས་ཞུས་ཏེ། ཧུན་སུར་གྲོང་ཁྱེར་ཚོགས་ཁང་ནང་མཛད་སྒོ་དངོས་གཞི་འཚོགས་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་གྲོང་ཁྱེར་གྱི་འགོ་གཙོ་སྐུ་ཞབས་ S.M. Loknath ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་བས་མ་ཟད། ཁོང་ལ་ཕུལ་བའི་བོད་དོན་ཞུ་སྙན་དེ་བཞིན་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འབུལ་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ནས་ཡུལ་སྐད་ཐོག་སྤྱི་ལྷན་གྱི་གསར་འགོད་གསལ་བསྒྲགས་སྙན་སྒྲོན་དང་། བོད་དོན་གཏམ་བཤད་ཀྱང་གནང་ཡོད་པ་རེད།
ད་རེས་ཧུན་སུར་ཁུལ་གྱི་སྐོར་བསྐྱོད་དེ་བཞིན་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་དང་། ས་འགོ་ཡེ་ཤེས་ཆོས་སྒྲོན་གཉིས་ཀྱིས་སྣེ་འཁྲིད་འོག་ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་གཞོན་ལྷན། ས་གནས་བུད་མེད་བཅས་ནས་འགན་འཁུར་བཞེས་གནང་ཡོད་པ་མ་ཟད། གཞིས་མི་སེར་སྐྱ་མང་ཚོགས་ནས་མཉམ་ཞུགས་ཤུགས་ཆེ་གནང་ཡོད་པ་རེད། དེ་རིང་ཞོགས་པ་ཧུན་སུར་ནས་སྐོར་བསྐྱོད་གྲུབ་རྗེས་ཀོ་ལི་གྷལ་དོན་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་རྩིས་སྤྲོད་ཞུས་ཡོད་པ་རེད་འདུག