གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐེངས་༤༣ པ་དབུ་འཛུགས།

tyc_2012_8_8དེ་རིང་ཞོགས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༣ པ་དེ་སྦིར་གཞིས་ཆགས་སུ་འགོི་འཛུགས་བྱས་པ་དང་། དེར་རང་བཙན་འཐབ་རྩོད་ཀྱི་སྒྲིག་འཛུགས་སྲ་བརྟན་དུ་གཏོང་ཐབས་དང་། རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་སྐོར་ལ་ཉིན་ལྔའི་རིང་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་ཞོགས་པའི་ཆུ་༩ པའི་སྟེང་། སྦིར་བོད་ཚོགས་ཀྱི་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༣ པ་དེ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། ཚོགས་ཐོག་དེར་སྐུ་མགྲོན་གཙོ་བོ་དབུས་བོད་ཀྱི་གཞོན་ལྷན་ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང་དང་། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན། བྷིར་ས་གནས་ཁག་གི་ས་གནས་འགོ་འཛིན་རྣམས་པ། ས་གནས་ཀྱི་དགོན་པ་དང་སློབ་གྲྭ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་དང་།

མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་མི་རིགས་དང་རྒྱལ་རྒྱལ་ཁབ་ཀྱི་ཆེད་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་གྲུབ་མཚམས། སུ་ཇཱ་བོད་ཁྱིམ་རོལ་ཆའི་རུ་ཁག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཐུན་གཞས་བཏང་སྟེ་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་སོང་།

tsewang_rigzin1དེ་ནས་བོད་ཀྱི་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུངས་བཤད་གནང་སྐབས། “རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ལོ་ལྔ་བཅུ་དྲུག་བཅུའི་རིང་རྒྱ་ནག་གིས་བོད་མི་རིགས་དང་རྒྱལ་ཁབ་རྩ་མེད་བཟོ་བའི་སྲིད་ཇུས་བཟུང་ཡོད་པས། ཉག་ཕྲ་བའི་དུས་སྐབས་ཤིག་རེད། ཡིན་ནའང་འདས་པའི་ལོ་རྒྱུས་ལ་བལྟས་དུས་ང་ཚོ་བོད་མི་རིགས་རླབས་ཆེན་གྱི་མི་རིགས་ཡིན་ཟེར་གྱི་ཡོད་པ་རེད་ལ། སྲུང་བཙན་སྒམ་པོའི་མི་རྒྱུད་ཡིན་ཞེས་བཤད་ཀྱི་ཡོད་པ་རེད། ༡༩༥༠ ལོའི་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས། དེའི་སྐབས་ཀྱི་མི་ཐོག་གིས་རྒྱ་ནག་གི་དམག་མིར་ཁག་གཏད་བཅག་ཡོད་པ་རེད་”ཅེས་དང་། ཡང་ཁོང་གིས་དེ་རྗེས་༡༩༨༠ ནང་དང་༢༠༠༨ སལོ་སོགས་སུ་རང་སྲོག་བློས་གཏོང་གིས་རྒྱ་ནག་ལ་ཞི་རྒོལ་བྱས་སྐོར་དང་། ད་དུང་མུ་མཐུད་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པས། གནས་སྟངས་འདི་ལ་བལྟས་ན་ང་ཚོ་དཔའ་ཞིམ་དགོས་དོན་མེད་སྐོར་དང་། རྒྱ་ནག་གཞུང་འཛམ་གླིང་ན་དཔལ་འབྱོར་ཨང་གཉིས་པ་དང་དམག་མི་མང་ཤོས་ཤིག་ཆགས་ཡོད་ནའང་། ད་ལྟའི་བར་བོད་མི་རིགས་རྩ་མེད་བཟོ་མ་ཐུབ་པས། མ་འོངས་པར་ཡང་རྩ་མེད་བཟོ་མི་ཐུབ་པ་གསལ་པོ་ཡིན་སྐོར་དང་། རྒྱ་ནག་གིས་གཞོན་ལྷན་འཇིགས་སྐུལ་རིངས་ལུགས་པ་རེད་ཅེས་མ་ཉེས་ཁག་གཡོག་བྱས་པ་དེ་རྒྱ་ནག་ཨ་ཆད་འུ་ཐུག་ནས་བྱས་པ་ཞིག་ཡིན་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་ཚང་མས་འགན་ཁུར་དགོས་སྐོར་གསུང་དོན། “ང་ཚོ་ངོའི་ནས་དུས་ཚོད་ཡོད་མཁན་གྱིས་དུས་ཚོད་གཏོང་དགོས་པ་དང་། དཔལ་འབྱོར་ཡོད་མཁན་གྱིས་དཔལ་འབྱོར་གཏོང་དགོས་པ་རེད། སློབ་སྦྱོང་ཡོད་མཁན་གྱིས་སློབ་སྦྱོང་གཏོང་དགོས་པ་རེད། ཐ་ན་སྲོག་ཡན་ཆོད་གཏོང་དགོས་པ་རེད། བོད་ནང་ནས་སྲོག་དང་ཁྲག་གཏོང་གི་ཡོད་པ་རེད། དེ་ཆུད་ཟོས་ནམ་ཡང་འགྲོ་ཡི་མ་རེད་ལ། རང་བཙན་ས་ནས་སྐྱེས་ཀྱི་མ་རེད་ལ། གནམ་ནས་ཟགས་ཀྱི་མ་རེད། རིན་འབབ་སྤྲོད་དགོས་པ་རེད། ང་ཚོ་ཚང་མར་འགན་ཡོད་པའི་ཐོག་ནས་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་པ་དང་། དབུས་རྒྱུན་སྐབས་རྗེས་མའི་རྒྱུན་ལས་འདེབས་སྟངས་སོགས་ལ་ད་ལྟ་ནས་གྲ་སྒྲིག་དགོས་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་བོད་རང་བཙན་འཐབ་རྩོད་ལ་སེམས་ཤུགས་དགོས་སྐོར་གསུང་དོན། ང་ཚོའི་བསམ་བློའི་ནང་ཕམ་རྒྱུའི་བསམ་བློ་ཡོད་པ་དེ་དོར་དགོས་པ་རེད། རྒྱལ་ཚོགས་ཀྱིས་དེ་སྔོན་བོད་དོན་གྲོས་ཆོད་བཞག་པ་རེད་མ་གཏོགས་དེ་ལས་ལྷག་གང་ཡང་བྱེད་ཀྱི་མ་རེད་ཟེར་གྱི་རེད་མོད། ང་ཚོའི་ལས་ཀ་དེ་ང་ཚོས་བྱས། ང་ཚོས་སྣེ་ཁྲིད་ན། འདི་ལོའི་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་ལ་རྒྱལ་ཚོགས་ཀྱི་གནད་ཡོད་མི་སྣས་ཡ་ལན་བྱེད་རྒྱུ་ཡིན་པ་མང་ཚོགས་ཁྲོད་གསལ་པོ་ཆགས་ཡོད་ཅེས། ང་ཚོས་མཉམ་འབྲེལ་དང་འབད་བརྩོན་དགོས་སྐོར་གསུངས་སོང་།

གཞོན་ལྷན་གྱི་ལོ་གཅིག་རིང་གི་ལས་འགུལ་ཆེ་ཁག་དང་། བོད་ནང་ནས་རྒྱལ་གཅེས་དཔའ་བོ་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་ཁག་གི་གནས་ཚུལ་རྒྱ་ནག་གི་དམ་དྲག་འོག་གསལ་པོ་རག་གི་མེད་ན་ཡང་། དཔའ་བོ་འཇམ་དཔལ་ཡེས་ཤེས་ཀྱིས་རྒྱལ་སྤྱིའི་གསར་འགོད་པའི་མདུན་ནས། བོད་ནང་གི་རང་སྲོག་བློས་གཏོང་ཁག་ར་སྤྲོད་བྱས་ཡོད་སྐོར་སོགས་གསུང་བཤད་གནང་སོང་།

lhasang_tserinདེ་རྗེས་སྐུ་མགྲོན་གཙོ་བོ་ལྷ་བཟང་ཚེ་རིང་གིས། དེ་རིང་གི་ཚོགས་འདུ་གལ་ཆེན་འདི་འདྲའི་སྐུ་མགྲོན་གཙོ་བོར་བོད་གཞུང་གི་མཛད་གཙོ་རྣམ་པ་ཞིག་ཕེབས་མ་ཐུབ་པར། ང་ལྟ་བུ་ཞིག་གིས་རྐུབ་སྟེགས་འདི་འཇུ་དགོས་བྱུང་བ་བློ་ཕམ་གྱི་གནས་ཚུལ་རེད་ཅེས་དང་། བོད་རང་བཙན་རང་རྩོད་པ་དེ་གཞོན་ལྷན་གྱིས་མ་བརྩིས་པ་མ་རེད། ལམ་དབུ་མ་དེ་རྒྱལ་བའི་བཀའ་ནོར་བ་རེད་ཟེར་གྱི་མེད། དེ་འགྲུབ་དང་མ་འགྲུབ་དེ་ང་ཚོའི་དགྲ་བོ་རྒྱ་དམར་གྱི་ལག་ཏུ་ཡོད་པ་རེད། རྒྱ་དམར་གྱིས་ཁས་ལེན་ལ་ཡིད་ཆེས་བྱེད་ཀྱི་མེད་པ་སྔོན་གྱི་བསླབ་བྱ་དེ་ལེན་དགོས་སྐོར་དང་། རྒྱ་དམར་གྱིས་ཐོག་མར་བོད་ནང་དུ་རྐང་བཙུགས་ས་མེད་སྐབས། གྲོས་མཐུན་དོན་ཚན་བཅུ་བདུན་དེ་རྒྱ་དམར་བཙན་འོག་ནས་ཁོ་རང་ཚོའི་འདོད་དོན་བཞིན་བཞག་ནའང་། རྗེས་སུ་ཁོ་རང་ཚོས་རྩིས་མེད་བཏང་བ་ཡིན་སྐོར་དང་། རང་བཙན་རྩོད་རྒྱུའི་དམིགས་ཡུན་བརྟན་པོ་དགོས་པ་དང་། བོད་རང་བཙན་གྱི་སྐབས་མཐོང་མྱོང་མེད་པའི་བོད་ཕྱི་ནང་གཉིས་ནས་གཞོན་སྐྱེས་ཚོས་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཁོང་གིས་མུ་མཐུད་བདེན་པ་རྩོད་རྒྱུར་བློས་གཏོང་དགོས་སྐོར་དང་། རྒྱལ་ཁབ་རང་བཙན་ཡིན་པ་དེ་ཐོག་མར་མིས་བཟོས་པ་རེད་ལ། མེད་པ་ཡང་མིས་བཟོས་པ་རེད། བསྐྱར་དུ་ཡོད་པ་ཡང་མིས་བཟོ་དགོས་སྐོར། བོད་ནང་ནས་རང་སྲོག་བློས་གཏོང་བྱེད་མཁན་ཚོར་གུས་ཞབས་དགོས་སྐོར་དང་། རང་བཙན་རྩོད་རྒྱུའི་དམིགས་ཡུལ་བརྟན་པོ་དང་། འགྲུབ་གྱི་རེད་བསམ་པའི་ཡིད་ཆེས། རང་བཙན་གྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་བཅས་གལ་ཆེ་ཤོས་རེད་ཅེས་སོགས་ཀྱི་གསུང་བཤད་གནང་སོང་།

མཐར་བོད་ཀྱི་གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་ཐུགས་ཆེ་ཞེས་གསུང་བཤང་གནང་སོང་། དེ་རྗེས་འགན་འཛིན་ལྷན་ཚོགས་ཀྱི་བགྲོ་གླེང་དངོས་སུ་འགོ་འཛུགས་བྱས་ཏེ། ཉིན་ལྔའི་རིང་འཚོག་གི་ཡོད་པ་རེད།

ཐེངས་འདིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༣ པའི་སྟེང་ས་གནས་ཁག་༤༠ ནས་ཚོགས་བཅར་བ ༡༢༠ ཙམ་མཉམ་ཞུགས་བྱས་འདུག

ཁྱེད་ཀྱིས་གཟིགས་མེད་སྲིད།