བཀའ་ཁྲིས་དམ་འབུལ་ཞུས་ནས་ལོ་གཅིག་འཁོར་བའི་དུས་དྲན།
ཟླ་འདིའི་ཕྱི་ཚེས་༨ རེས་གཟའ་ལྷག་པའི་ཉིན་བཀའ་བློན་ཁྲི་པའམ་སྲིད་སྐྱོང་བློ་བཟང་སེང་གེས་དམ་འབུལ་ཞུས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་དྲན་ཉིན་གཅིག་རིང་སྲུང་རྩི་ཞུས་ཡོད་པ་དང་། ཉིན་འདིར་ལྷ་སྲུང་སྤྱན་འདྲེན་དང་། གསར་འགོད་གསལ་བསྒྲགས། སྲི་ཞུ་ལས་བྱེད་པ་རྣམས་ལ་གསུང་བཤད་དང་། རང་ལུས་མེར་སྲེག་བཏང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ། ཕྱི་དྲོ་ཐེག་ཆེན་ཆོས་གླིང་གཙུག་ཁག་ལག་ཁང་གི་མདུན་ཐང་དུ་མི་མང་ལ་གསུང་བཤད་བཅས་གནང་ཡོད་པ་རེད།
ཉིན་འདིའི་སྔ་དྲོའི་མཛད་རིམ་ཁག་གྲུབ་ནས་ཕྱི་དྲོ་ཆུ་ཚོད་༤ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་བའི་དཔའ་བོ་ཕོ་མོ་རྣམ་པ་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་སྤྱི་དང་། ལྷག་པར་དུ་ཕྱི་ཟླ་༨ པའི་ཚེས་༦ ཉིན་མདོ་སྨད་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་དང་། ཕྱི་ཚེས་༧ ཉིན་མདོ་སྨད་གཙོས་གྲོང་ཁྱེར་དུ་བུད་མེད་སྒྲོལ་དཀར་མཚོ་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་བྱས་པར་གདུང་སེམས་མཉམ་བསྐྱེད་ཆེད་སྨོན་ལམ་མཆོད་འབུལ་ཞིག་བྱས་ཡོད་པ་དང་། སྐབས་དེར་དཔལ་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་དབུ་བཞུགས་གནང་ཞིང་། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང། ཀིརྟི་རིན་པོ་ཆེ། རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གྱི་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་དང་མི་མང་ཕོན་ཆེ་འདུ་འཛོམས་ཀྱིས་སྨོན་ལམ་གསུངས་ཡོད་པ་དང་། རྣམ་གྲྭ་དགེ་བསྐོས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་དང་། བོད་གཞུང་ཆོས་རིག་ལས་ཁུངས་ནས་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་བཅས་ཕུལ་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་༥།༢༠ ཙམ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་མི་མང་ལ་བཀའ་ཤག་གིས་ལོ་གཅིག་རིང་གི་ལས་དོན་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད། མཛད་སྒོ་དེར་དམིགས་བསལ་སྐུ་མགྲོན་དུ་དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དྲུང་ཆེ་ཆུང་གིས་དབུས་སྲི་ཞུའི་ལས་བྱེད་པ་རྣམ་པ། ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་སོགས་སེར་སྐྱ་མི་མང་ཕོན་ཆེ་འདུ་འཛོམས་བྱུང་ཡོད་པ་རེད། མཛད་སྒོའི་འདིའི་མི་འབོར་ནི་ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་དང་གཅིག་མཚུངས་ལྟ་བུ་འཛོམས་འདུག
བཀའ་བློན་ཁྲི་པ་མཆོག་གིས་མི་མང་ལ་གནང་བའི་གསུང་བཤད་ཀྱི་སྙིང་དོན། འདས་པའི་ལོ་གཅིག་གི་རིང་དུ་བཀའ་ཤག་གི་ལས་དོན་ལ་གྲུབ་འབྲས་གང་བྱུང་བ་དེ་ཕྱག་རོགས་བཀའ་བློན་རྣམ་པ་དང་། སྲི་ཞུའི་ལས་བྱེད་པ་རྣམས་ཀྱིས་འཕྱར་གྲུ་མཉམ་འདེགས། མི་རབས་རྒན་པ་རྣམས་ཀྱིས་རྒྱུན་རིང་དུ་དཀའ་ལས་བརྒྱབ་པའི་བཀའ་དྲིན་ལས་བྱུང་ཞིང་། གཙོ་ཆེ་ཤོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུངས་སོང་། དེ་བཞིན་ལོ་གཅིག་གི་རིང་ལས་དོན་ལ་གྲུབ་འབྲས་ཆེན་པོ་འདི་དང་འདི་བྱུང་སོང་ཞེས་མི་མང་ལ་ཞུ་རྒྱུ་མེད་ཀྱང་། འཐུས་ཤོར་མ་སོང་བ་ཞིག་བྱས་ཡོད། བཀའ་ཁྲིའི་དམ་འབུལ་མ་ཞུས་པའི་སྐབས་ནས་ལས་དོན་འདི་དཀའ་ངལ་ཆེན་པོ་དང་གདོང་ལེན་བྱེད་དགོས་པ་མང་པོ་ཡོད་པ་ཤེས་རྟོགས་ཡོད་ལ། ལས་དོན་ལ་དངོས་སུ་ཞུགས་པའི་རྗེས་སུ་དེ་བས་ཀྱང་དཀའ་ལས་ཁག་པོ་དང་། གདོང་ལེན་བྱེད་དགོས་པ་མང་པོ་འདུག འོན་ཀྱང་ལས་དོན་དེ་དག་གི་ཐོག་ལ་ནུས་ཤུགས་གང་ཡོད་ཀྱིས་འབད་བརྩོན་བྱེད་རྒྱུར་སེམས་ཤུགས་ཆེན་པོ་ཡོད་ལ། འབད་བརྩོན་ཡང་ལྷོད་པ་མེད་པ་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།
བཀའ་ཤག་སྐབས་བཅུ་བཞི་པའི་རྩ་དོན་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་ཐོག་ལ་གསུང་བཤད་གནང་སོང་བ་དང་། ལྷག་དོན་དུ་རང་ཁ་རང་གསོའི་སྐོར་ལ་འབད་བརྩོན་བྱེད་དགོས་དོན་གཙོ་བོ་དེ་བོད་པའི་སྤྱི་ཚོགས་ནང་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་དང་། ས་གནས་ཤིག་ལ་སླེབས་པའི་སྐབས་མི་མང་གི་ནང་ནས་ང་ཚོའི་གཞིས་ཆགས་སྐྱོ་ཤོས་དང་། ས་ཆ་སྡུག་ཤོས་ཡིན་པ། མཐུན་རྐྱེན་ཞན་ཤོས་ཡིན་པ་སོགས་ཀྱི་ཐོག་ནས་བཀའ་མོལ་གནང་གི་རེད་ལ། བུ་ཕྲུག་ལ་སློབ་གསོ་རྒྱག་པའི་སྐབས་ཀྱང་དེ་དང་གཅིག་མཚུངས་བཞིན་སློབ་གསོ་རྒྱག་རྒྱུའི་གོམས་གཤིས་དེ་ཡོད་པས། བུ་ཕྲུག་རྣམས་ཀྱང་མཐོ་སློབ་ཐོན་ཡང་ང་སྐྱོ་ཤོས་ཡིན་བསམ་པའི་ཐོག་ནས་བསམ་ཚུལ་འདོན་མི་ཐུབ་པ་དང་གདེང་ཚོད་མེད་པའི་མི་རབས་ཤིག་ཆགས་ཡོང་གི་ཡོད་པ་རེད། དེར་བརྟེན་གནད་དོན་འདིའི་ཐོག་ནས་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་ངེས་པར་གཏོང་དགོས་པ་གལ་ཆེན་པོར་གྱུར་ཡོད། ངས་བྱེད་ཐུབ་ཀྱི་ཡོད། ང་ཚོ་ཚང་མ་དང་གཅིག་པ་ཡིན་བསམ་པའི་སྤོབས་པ་དང་གདེང་ཚོད་ཡོད་པའི་མི་རིགས་ཤིག་ཆགས་དགོས་པ་དེ་གལ་ཆེན་པོར་མཐོང་ནས་རང་ཁ་རང་གསོའམ། རང་མགོ་རང་ཐོན་གྱི་སྐོར་དེ་གལ་ཆེན་པོར་བརྩི་བཞིན་ཡོད་ཚུལ་སོགས་གསུངས་སོང་།
དེ་བཞིན་བོད་ནང་དུ་ད་བར་བོད་མི་མང་༤༦ གིས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་ཚུལ་དང་། དེ་ལ་བརྟེན་ནས་བཀའ་ཤག་གི་ངོས་ནས་རྒྱལ་སྤྱིའི་ཐོག་ལས་དོན་ཤུགས་ཆེན་པོ་བསྒྲུབས་ཡོད་པ་དང་། གྲུབ་འབྲས་ཀྱང་གང་འཚམས་བྱུང་ཡོད། དེ་བཞིན་བོད་ནང་གི་བོད་མི་དེ་དག་གིས་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་བསྐྱངས་དགོས་པ་དེ་གཅིག་གྱུར་གྱི་འབོད་ཚིག་ཅིག་ཡིན་པས། དེས་བཙན་བྱོལ་བོད་མི་རྣམས་ལ་གོ་བརྡ་གསལ་པོ་ཞིག་སྤྲད་ཡོད་པ་རེད། ང་རང་ཚོ་ལ་ཡོད་པའི་སྲོག་དེ་བློས་བཏང་ནས་བོད་མི་རིགས་ལ་རང་དབང་དང་བདེ་སྐྱིད་ལྡན་པ་ཞིག་དགོས་ཀྱི་ཡོད་ཚུལ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་རང་དབང་རང་འདོད་ཀྱི་ཐོག་ནས་༧གོང་ས་མཆོག་ཞལ་མཇལ་དང་གསུང་ཆོས་ཞུ་རྒྱུའི་གོ་སྐབས་ཡོད་པ་བཞིན། ང་ཚོ་ལའང་དགོས་ཀྱི་ཡོད། དེར་བརྟེན་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ནུས་ཤུགས་གཅིག་སྒྲིལ་གྱིས་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་ཐུབ་པ་ཞིག་གནང་རོགས་ཞེས་པའི་འབོད་སྐུལ་དེ་ཤུགས་ཀྱིས་གནང་ཡོད་པ་རེད་ཅེས་སོགས་ཁོང་གི་གསུང་བཤད་ཀྱི་སྙིང་དོན་ལྟ་བུ་དེ་ལྟར་གནང་སོང་།
ཉིན་འདིའི་ཞོགས་པ་ཆུ་ཚོད་༧ པའི་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་སོགས་ལྷན་འཛོམས་ཀྱིས་དགའ་གདོང་རྡོ་རྗེ་གསལ་བྱེད་གྲྭ་ཚང་དུ་ཆོས་སྐྱོང་གནོད་སྦྱིན་ཤིང་བྱ་ཆེན་པོ་སྤྱན་འདྲེན་དང་། ཆུ་ཚོད་༨།༣༠ ཐོག་བཀའ་ཤག་ཚོགས་ཁང་དུ་བསྟན་སྲུང་ཆེན་མོ་སྨན་བཙུན་ཚེ་རིང་མཆེད་ལྔ་སྤྱན་འདྲེན་ཞུས་ཡོད་པ་རེད།
ཉིན་རྒྱབ་ཆུ་ཚོད་༡།༣༠ ཐོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཚོགས་ཁང་དུ་བཀའ་ཁྲི་མཆོག་གིས་བཀའ་ཁྲིའི་ལས་ཁུར་གྱི་དམ་འབུལ་ཞུས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་འཁེལ་སྟབས། སྲི་ཞུ་བ་ཡོངས་ལ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་ཡོད་པ་རེད།།