ལོ་གཅིག་འཁོར་བའི་བཀའ་ཤག་གི་ལས་དོན་ཐོག་བསམ་ཚུལ།

2012_8_8_zadgo3བཀའ་ཤག་གསར་པས་བོད་མིའི་ཆབ་སྲིད་ཀྱི་ལས་ཁུར་བཞེས་ནས་ལོ་གཅིག་འཁོར་བའི་དུས་ཚིགས་དང་སྟབས་བསྟུན། གྲོས་ཚོགས་ཀྱི་འཐུས་མི་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་འགན་འཛིན།

གཞན་ཡང་ནམ་རྒྱུན་བོད་མིའི་སྤྱི་ཚོགས་ལ་དོ་སྣང་དང་རྒྱུས་ཆེ་བའི་རྩོམ་པ་པོ་སོགས་ལ་ལོ་གཅིག་རིང་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་སྤྱི་དང་། དམིགས་བསལ་ཡག་པོ་བྱུང་བ། དེ་བཞིན་མ་འགྲིག་ས་དང་། འཐུས་ཤོར་ཕྱིན་པ་གང་ཡོད་སྐོར་ལ་བཅར་འདྲི་བྱས་པ་ཡིན།

dawa pekyiབོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས། “བཀའ་ཤག་གསར་པས་ལས་ཀ་བྱས་ནས་ལོ་གཅིག་འཁོར་བའི་རིང་། བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་དང་། དེ་བཞིན་རྩ་དོན་དང་འབྲེལ་བའི་སྐོར་ལ་ཕྱི་རྒྱལ་ཁག་ཏུ་འབྲེལ་བ་བྱེད་ཕྱོགས་ཀྱི་ཐད་ལ་བཀའ་བློན་ཁྲི་པས། དབུ་ཁྲིད་པའི་བཀའ་ཤག་གསར་པས་གང་ལ་གང་འཚམ་གྱིས་ནུས་པ་ཡག་པོ་ཐོན་སོང་བསམ་གྱི་ཡོད། དམིགས་བསལ་གྱིས་གངས་ཅན་སྐྱིད་གཤོངས་ཀྱི་ཕྱི་རུ་ཐོན་པའི་ཕྱག་ལས་གནང་ཕྱོགས་དང།     འབྲེལ་བ་བྱེད་ཕྱོགས་ཀྱི་ཐད་ལ་ཡག་པོ་བྱུང་སོང་བསམ་གྱི་ཡོད་”ཅེས་བརྗོད་སོང།

ཁོང་གིས་མུ་མཐུད་གསུང་དོན། “ཕྱི་ཕྱོགས་གཅིག་པུ་མ་ཡིན་པར་འཛིན་སྐྱོང་དང་འབྲེལ་བའི་ནང་ཁུལ་གྱི་ལས་ཀ་མང་པོ་ཞིག་ཡོད་དུས། དེ་ཚོའི་ཐོག་ལ་ཆ་ཚང་བ་ཞིག་བྱུང་ཡོད་རེད་དམ་ཞེས་ཞུས་པ་ཡིན་ན། ཡོད་མ་རེད་ཟེར་ནས་དམིགས་བསལ་གྱིས་ཞུ་རྒྱུ་མེད་མོད། ཡིན་ན་ཡང། ང་ཚོའི་ལས་ཀ་མང་པོ་ཞིག་ཁྲིམས་དང་སྒྲིག་གཞིའི་འོག་ནས་བྱེད་དགོས་ཀྱི་ཡོད་པས། དེ་ཚོའི་ཐོག་ལ་འཐུས་ཤོར་སོང་མེད་དམ་སྙམ་པའི་རྣམ་པ་ཞིག་ཡོད་རེད་”ཅེས་བརྗོད་སོང་།

munlam_thatshenབོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས། “རྩ་བས་བཀའ་ཤག་གསར་པས་ལས་ཀ་བྱས་ནས་ལོ་གཅིག་མ་གཏོགས་སོང་མེད་པས། ལོ་གཅིག་གི་ནང་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་གཏོང་ཟེར་བ་དེ་དཀའ་ལས་ཁག་པོ་ཞེ་དྲག་རེད། ཡིན་ན་ཡང་། བཀའ་བློན་ཁྲི་པས་བཀའ་ཁྲིའི་ལས་ཁུར་མ་བཞེས་པའི་སྔོན་དུ་མི་མང་ལ་ཞལ་བཞེས་གནང་བཞག་པའི་གནས་སྟངས་དང། དམིགས་བསལ་གྱིས་ཤེས་ཡོན་གྱི་ཐོག་ལ་ཡར་རྒྱས་ཤུགས་ཆེན་པོ་གཏོང་འཆར་བྱས་ཡོད་དུས། གནད་དོན་དེ་ཚོའི་ཐོག་ནས་གོམ་པ་ཆེན་པོ་ཞིག་སྤོ་ཐུབ་པ་མཐོང་མ་སོང།  ཡིན་ན་ཡང་། ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་རྒྱལ་སྤྱིའི་ནང་ལ་ནུས་པ་གང་ལ་གང་འཚམ་ཞིག་ཐོན་སོང་བསམ་གྱི་ཡོད། རྩ་བས་བོད་ཕྱི་ནང་གཉིས་ནས་བཀའ་བློན་ཁྲི་པར་གདེང་འཇོག་བྱེད་སྟངས་དེ་ཧ་ལས་པ་རེད་འདུག  གནས་སྟངས་དེ་ལ་དཔག་པའི་བོད་དོན་ཐོག་ལ་ནུས་པ་ཐོན་རྒྱུ་དེ་གཞི་ནས་འགོ་འཛུགས་རྒྱུ་ལྟ་བུ་རེད།  གཞན་དམིགས་བསལ་གྱིས་འབུར་དུ་ཐོན་པའི་ནུས་པ་འདི་རེད་ཟེར་རྒྱུ་དང་། འཐུས་ཤོར་འདི་རེད་ཟེར་ནས་ཞུ་རྒྱུ་གང་ཡང་མེད་”ཅེས་བརྗོད་སོང་།

tsewang_rigzinདབུས་བོད་ཀྱི་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས། “རྩ་བས་བཀའ་ཤག་གསར་པས་ལས་ཀ་བྱས་ནས་ལོ་གཅིག་མ་གཏོགས་སོང་མེད་པས། དེའི་རིང་ང་ཚོས་ལེགས་ཆ་དང་ཞན་ཆ་ཤུགས་ཆེན་པོ་ཞུ་ཐུབ་རྒྱུ་མ་རེད། ཡིན་ན་ཡང། འདས་པའི་ལོ་གཅིག་གི་ནང་བཀའ་བློན་ཁྲི་པ་གཙོ་བོར་གྱུར་པའི་བཀའ་ཤག་གསར་པས། ཕྱི་རྒྱལ་ཁག་གི་གྲོས་ཚོགས་འཐུས་མི་གཙོས་དཔོན་རིགས་ཁག་ལ་ཐུག་འཕྲད་དང་འབྲེལ་བ་བྱས་པ་དེ། སྔར་དང་མི་འདྲ་བའི་བཟང་ཕྱོགས་ཀྱི་རྣམ་པར་ངོས་འཛིན་བྱེད་ཀྱི་ཡོད། མ་འོངས་པར་ཕྱི་རྒྱལ་གྱི་དཔོན་རིགས་ཚོ་དང་མཇལ་འཕྲད་དང་། ཚོགས་འདུར་ཞུགས་པ་དེ་ཚོའི་རྗེས་སུ་ང་ཚོ་ལ་གྲུབ་འབྲས་དེ་གལ་ཆེན་པོ་རེད། དེར་བརྟེན། ད་ལྟའི་བཀའ་ཤག་གི་ལས་རྒྱུན་རིང་བོད་དོན་རྒྱབ་སྐྱོར་སྔར་ལས་ལྷག་རག་རྒྱུའི་རེ་བ་ཡོད། ལོ་གཅིག་གི་རིང་བཀའ་ཤག་གསར་པས་ཕྱག་ལས་གནང་ཕྱོགས་ཚང་མ་ལ་ང་ཚོའི་ངོས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་དུང་ཡིན་ན་ཡང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཁ་ཡོད་ལག་ཡོད་ཀྱི་བོད་དོན་རྒྱབ་སྐྱོར་རག་ཐབས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།  ང་ཚོ་ལ་དེ་གལ་ཆེན་པོ་རེད་”ཅེས་བརྗོད་སོང་།

tashi_dolmaདབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོན་མས། “བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ལོ་གཅིག་འཁོར་གྱི་ཡོད་པ་རེད། ལོ་གཅིག་གི་དུས་ཡུན་དང་དཔག་པའི་ལས་ཀ་མང་པོ་བྱས་ཡོད་པ་རེད། དཔེར་ན། ཕྱི་འབྲེལ་གྱི་ཐོག་ལ་ཆ་བཞག་ན། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་མང་པོ་ཞིག་ལ་གཟིགས་སྐོར་དང་འབྲེལ་གནད་ཡོད་ཀྱི་དཔོན་རིགས་ཚོ་དང་ཐུག་འཕྲད་ཀྱིས་འབྲེལ་བ་ཡག་པོ་ཞིག་བཟོ་ཐུབ་སོང་བསམ་གྱི་ཡོད།  ཡང་ནམ་རྒྱུན་དུ་བོད་མི་ཚོར་དཀའ་ངལ་ཡོད་སའི་སྐྱབས་བཅོལ་ལག་ཁྱེར་གྱི་དུས་ཡུན་དེ་ལོ་ལྔའི་རིང་ཕར་འགྱང་བྱས་ཐུབ་པ་རེད། རྩ་བས་འཆར་གཞི་སྔོན་མ་ནས་ཡོད་སྲིད་ཀྱང་དངོས་སུ་ལག་ལེན་བྱེད་མཁན་ཁོ་རང་རེད། དེ་དངོས་གནས་མི་མང་ལ་ཕན་ཐོགས་པོ་ཞིག་བྱུང་སོང་བསམ་གྱི་ཡོད། ལོ་གཅིག་གི་དུས་ཡུན་དང་བསྡུར་ནས་བལྟས་ན་གྲུབ་འབྲས་ཡག་པོ་རེད་ང་རང་ཚོའི་འདོད་པ་ཁེངས་པ་ཞིག་བྱུང་སོང། ཡིན་ན་ཡང་། ད་ལྟའི་བཀའ་ཤག་གིས་བོད་རྒྱ་གྲོས་མོལ་མགྱོགས་པོར་འགོ་བཙུགས་པ་ཡིན་ན། ལངས་ཕྱོགས་ག་འདྲ་ཞིག་གི་ཐོག་ནས་འགོ་འཛུགས་དགོས་ཀྱི་ཡོད་མེད་དང་། གྲོས་མོལ་གྱི་ཁོར་ཡུག་ག་འདྲ་བསྐྲུན་འཆར་ཡོད་མེད་ཀྱི་གནས་སྟངས་དེ་ཁ་གསལ་བཟོ་དགོས་ཀྱི་རེད་བསམ་གྱི་ཡོད། སྤྱིར་བཏང་མ་འོངས་པར་བཀའ་བློན་ཁྲི་པས་ལོ་ལྔའི་རིང་ལས་དོན་ཚགས་ཚུད་ཡོང་བ་ལ། མི་མང་གི་ངོས་ནས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་གལ་ཆེན་པོ་རེད། མི་གཅིག་གིས་ལས་དོན་བསྒྲུབ་རྒྱུ་ཁག་པོ་རེད་”ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་འབོད་སྐུལ་གནང་དོན། “དྷ་རམ་ས་ལར་ཆ་བཞག་ན། བོད་པ་ཁང་པ་མེད་མཁན་མང་པོ་ཞིག་ཡོད་པ་རེད་ལ། ཁོང་ཚོས་ཟླ་བ་དང་ལོ་བྱས་ནས་རྒྱ་གར་ལ་ཁང་པ་གླ་དགོས་པའི་དཀའ་ངལ་ཆེན་པོ་ཡོད་རེད། དེར་བརྟེན། ཁོང་ཚོ་ལ་ང་རང་ཚོ་བཙན་བྱོལ་གཞུང་གི་ངོས་ནས་དྷ་སར་སྡོད་ཁང་ཞིག་བཟོས་ཏེ། བོད་མི་ཚོར་གོང་ཚད་རན་པོའི་ཐོག་ནས་ཁང་གླ་གཏོང་རྒྱུ་བྱུང་ན་རང་གཞན་ཚང་མར་ཕན་ཐོགས་ཡོང་ས་རེད། དེ་འདྲའི་མཐུན་རྐྱེན་བསྐྲུན་ཐུབ་ན་གནང་རོགས་ཞུ་རྒྱུ་ཡིན་”ཞེས་བརྗོད་སོང་།

lukhar_shamདགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས། “ད་རེས་ང་ཚོའི་བཀའ་བློན་ཁྲི་པའམ་སྲིད་སྐྱོང་བློ་བཟང་སེང་གེས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་བཀའ་ཤག་འདི། སྐབས་སྔོན་མའི་བཀའ་ཤག་ཚོ་དང་མི་འདྲ་བར། ༧གོང་ས་མཆོག་གིས་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཆགས་ཡོད་རེད། དེར་བརྟེན། དངོས་གནས་བཤད་ན། བོད་ཕྱི་ནང་གཉིས་ནས་བཀའ་ཤག་འདི་ལ་རེ་བ་རྒྱག་མཁན་མང་པོ་རེད། སྔུན་ན་བལྟ་མཁན་དང་མཇུག་ན་ཉན་མཁན་མང་པོ་རེད། དེ་ནང་བཞིན་གནོན་ཤུགས་སྤྲད་མཁན་ཡང་མང་པོ་ཡོད་པའི་མཚམས་དེར་བཀའ་ཁྲི་འདི་སླེབས་ཡོད་པ་རེད། བཀའ་ཁྲི་བློ་བཟང་སེང་གེས་དབུ་ཁྲིད་པའི་ད་ལྟའི་བཀའ་ཤག་ལ་ཕྱིར་མིག་ཅིག་བལྟས་ཡོང་དུས། སྤྱིར་བཏང་རྒྱལ་སྤྱིའི་སྒང་གི་བོད་དོན་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པ་སོགས་དོན་ཚན་ཁག་ཁ་ཤས་ཤིག་ལ་དབྱེ་ནས་བལྟ་དགོས་རེད་བསམ་གྱི་ཡོད། དེར་བརྟེན། རྒྱལ་སྤྱིའི་དྲིལ་བསྒྲགས་ཀྱི་རིམ་པ་འདི་ལ་བལྟས་ཡོང་དུས། སྐབས་སྔོན་མའི་བཀའ་ཤག་ཚོ་དང་བསྡུར་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྡིངས་ཆ་བེད་སྤྱོད་གཏོང་ཕྱོགས་བཟང་གི། དེ་ནང་བཞིན་གངས་ཅན་སྐྱིད་གཤོངས་ནང་ཁུལ་གྱི་ལས་བྱེད་ཚོའི་ལས་ཀ་བྱེད་སྟངས་དང། བོད་གཞུང་གི་དཔལ་འབྱོར་འདུ་འགོད་བྱེད་སྟངས་ཀྱང་སྐབས་སྔོན་མའི་བཀའ་ཤག་དང་བསྡུར་ན་བཟང་བ་ཡོད་པ་གཞུང་གི་ལས་བྱེད་ཚོའི་ཁ་ན་གོ་རྒྱུ་འདུག དེ་ཚོ་དངོས་ཡོད་གནས་ཚུལ་རེད་བསམ་གྱི་ཡོད། རྩ་བས་སྤྱི་ཚོགས་ཤིག་གི་ངོས་ནས་བལྟས་ཡོང་དུས། ཡག་པོ་དང་སྡུག་པོ། དྲང་ཕྱོགས་དང་དགག་ཕྱོགས་ནས་བཤད་རྒྱུ་མང་པོ་ཡོད་རེད། ཡིན་ན་ཡང། སྤྱི་ཚོགས་ནང་ཁུལ་གྱི་འབྲེལ་བའི་ཐོག་ནས་བཤད་ན་ཡང་། ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་སྐབས་ནང་བཞིན་སྤམ་པོ་དང་སྒམ་པོའི་རྣམ་པ་ལྟ་བུ་མ་ཡིན་པར་མི་མང་གི་འབྲེལ་འདྲིས་ཀྱང་ཡག་ཏུ་སོང་ཡོད་པ་རེད། དངོས་ཡོད་གནས་ཚུལ་དེ་ཚོ་ང་ཚོས་དྲང་པོར་བཤད་དགོས་ཀྱི་ཡོད་རེད”ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་བརྗོད་དོན། “ཡང་གལ་ཆེ་ཤོས་དེ་བོད་ནང་ནས་མི་༤༠ ལྷག་གིས་རང་ལུས་མེར་སྲེག་བཏང་བ་རེད། གནས་ཚུལ་དེ་ཛ་དྲག་རེད། བཀའ་ཁྲི་བློ་བཟང་སེང་གེས་གནས་ཚུལ་དེ་ལ་དཔག་པའི་སྔོན་བཀའ་ཁྲིར་བཞེངས་པའི་སྐབས་ཀྱི་དམ་བཅའ། གསར་བཏོད་དང་། རང་མགོ་རང་ཐོན། ཆིག་བསྒྲིལ་དེ་ཚོའི་སྒང་ནས་བཤད་ན། སྔོན་མའི་ཁ་ཤུགས་ནང་བཞིན་གཞུང་གི་རྩ་བའི་སྲིད་ཇུས་ཀྱི་འགྲོ་ཕྱོགས་ཀྱི་ཐོག་ལ་གསར་བཏོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཐོན་ཡོད་པ་མ་རེད། ཡིན་ན་ཡང་རྣམ་པ་མི་འདྲ་བ་ཞེ་དྲག་ཅིག་གི་སྒང་ནས་འགྱུར་བ་གཏོང་དགོས་དུས། གཞུང་དང་གྲོས་ཚོགས་དེ་འདྲས་གནོན་ཤུགས་ཀྱང་ཡིན་སྲིད་པ་རེད། གང་ལྟར་གཞུང་གི་རྩ་བའི་སྲིད་ཇུས་ཀྱི་ཐོག་ལ་བློ་བཟང་སེང་གེས་གསར་བཏོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཡོང་གི་མེད་པའི་བཟོ་འདུག སྔོན་མ་ཡོད་བཞག་པ་དེ་རང་འཇགས་ཡིན་ཟེར་ནས་བསྐྱོར་བསྡད་ཡོད་རེད། དཔེར་ན། དབུ་མའི་ལམ་གྱི་སྲིད་ཇུས་འདྲ་བོ་རེད། དེར་བརྟེན། ཆབ་སྲིད་རང་བཞིན་ཅན་གྱི་གསར་བཏོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཐོན་ཡོད་མ་རེད། ཡིན་ན་ཡང་། བཀའ་བློན་ཁྲི་པའི་ལས་ཡུན་གྱི་དུས་ཚོད་མང་ཆེ་བ་ལྷག་ཡོད་པས། ང་ཚོས་བལྟས་པ་ཡིན་ན། དུས་ཡུན་དེ་དག་རིང་ཕྱི་ནང་གི་གནོན་ཤུགས་ཆུང་དུ་སོང་ནས་ཡར་རྒྱས་འགྲོ་ཐུབ་རྒྱུ་རེད་བསམ་གྱི་ཡོད། དངོས་གནས་བྱས་ན། ད་ལྟའི་བོད་ནང་གི་གནས་སྟངས་དང་རྒྱལ་སྤྱིའི་གནས་བབས་གང་ལ་བལྟས་ཀྱང་། ཆབ་སྲིད་རང་བཞིན་ཅན་གྱི་གསར་བཏོད་ཀྱི་རྣམ་པ་དེ་ཤུགས་ཆེན་པོ་བྱེད་དགོས་ཀྱི་ཡོད་རེད། གནས་སྟངས་དེར་བློ་བཟང་སེང་གེ་ཡིན་ན་ཡང་འདྲ། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ན་ཡང་འདྲ། བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ནས་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད”ཅེས་བརྗོད་སོང་།

dorjee tseten sftབོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས། “སྔོན་མ་ང་ཚོའི་སྤྱི་ཚོགས་ནང་ཟམ་གདོང་རིན་པོའི་ཆེས་བཀའ་ཁྲིའི་དུས་ཡུན་ཚར་སོང་ན། བཀའ་བློན་ཁྲི་པ་སུ་ཡོང་མིན་གྱི་ཐད་ལ་བོད་མིའི་སྤྱི་ཚོགས་ནང་སེམས་འཚབ་དང་དངངས་སྐྲག་ཆེན་པོ་ཞིག་གི་འོག་ལ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་འོས་འདེམས་བྱུང་བ་རེད་ལ། བཀའ་བློན་ཁྲི་པས་ཆབ་སྲིད་ཀྱི་འགན་བཞེས་ནས་ལོ་གཅིག་གི་རིང་ལས་དོན་ཚང་མ་གང་ལ་གང་འཚམ་གྱི་ཡག་པོ་བྱུང་སོང་བསམ་གྱི་ཡོད།  རྩ་བས་གལ་ཆེ་ཤོས་དེ་མི་མང་གི་ངོས་ནས་བཀའ་བློན་ཁྲི་པར་སོ་སོའི་མི་རིགས་ཀྱི་དབུ་ཁྲིད་ཅིག་ཏུ་བརྩིས་ནས། རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་རེད་ལ། ཡང་བཀའ་བློན་ཁྲི་པས་ལས་ཀ་བྱེད་ཕྱོགས་འགྲིག་མེད་ན་འགྲིག་གི་མི་འདུག་ཅེས་བཤད་དགོས་པ་ཡང་མང་གཙོ་ཡིན་པའི་ཆ་ནས་གལ་ཆེན་པོ་རེད་བསམ་གྱི་ཡོད། སྤྱིར་བཏང་བཀའ་ཁྲིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ལོ་གཅིག་མ་གཏོགས་སོང་མེད་པས། བཀའ་བློན་ཁྲི་པ་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ། འཛམ་གླིང་གི་ཡུལ་གྲུ་ཁག་མང་པོ་ཞིག་ལ་ཕེབས་ཏེ་གནད་ཡོད་མི་སྣ་དང་ཐུག་འཕྲད་ཀྱིས་བོད་དོན་དྲིལ་བསྒྲགས་ཡག་པོ་བྱས་སོང་། དུས་ཡུན་ཐུང་ཐུང་ཡིན་དུས་བཀའ་བློན་ཁྲི་པས་འཇོན་སོང་མ་སོང་གི་སྐད་ཆ་བཤད་ཁག་པོ་རེད་”ཅེས་བརྗོད་སོང་།

yunten_gyamtsoདབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་དྭངས་ཤར་ཡོན་ཏན་རྒྱ་མཚོས། “ང་རང་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བལྟས་ཡོང་དུས། བཀའ་བློན་ཁྲི་པས་ཆབ་སྲིད་ཀྱི་ལས་ཁུར་བཞེས་ནས་ལོ་གཅིག་འཁོར་བའི་ནང་མ་འགྲིག་པ་གང་ཡང་མཐོང་མ་སོང་། བཀའ་བློན་ཁྲི་པ་ཕྱི་རྒྱལ་ཁག་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཕེབས་ཏེ། བོད་མིའི་རྩ་དོན་དྲིལ་བསྒྲགས་དང་འབྲེལ་རྒྱབ་སྐྱོར་འཚོལ་ཕྱོགས་ཀྱི་ལས་ཀ་ཡག་པོ་བྱས་སོང། དེ་ནང་བཞིན་འཛིན་སྐྱོང་ཐོག་ནས་ཡིན་ན་ཡང་། བཙན་བྱོལ་ནང་གི་གཞིས་ཆགས་ཁག་མང་པོ་ཞིག་ལ་ཕེབས་ཏེ། བོད་མིའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་དེ་ཚོ་ཚང་མའི་ཐོག་ལ་ལས་ཀ་ཡག་པོ་བྱུང་སོང་བསམ་གྱི་ཡོད་”ཅེས་བརྗོད་སོང་།

bhuchung d sonamརྩོམ་པ་པོ་བུ་ཆུང་བསོད་ནམས་ཀྱིས། “བཀའ་ཤག་གསར་པ་ཡིན་ནའང་རེད། བཀའ་ཁྲི་གསར་པ་ཡིན་ནའང་རེད། ངས་ཆབ་སྲིད་ལས་འགུལ་དེ་གལ་ཆེ་ཤོས་ལ་བརྩི་ཡི་ཡོད། ཆབ་སྲིད་ལས་འགུལ་སྤེལ་བ་དང་། རྒྱལ་སྤྱིའི་བོད་དོན་གོ་རྟོགས་ཀྱི་ལས་འགུལ་མང་པོ་སྤེལ་སོང་། དེའི་ནང་ནས་བཀའ་ཁྲིས་རྒྱལ་སྤྱིའི་ནང་སྐོར་བསྐྱོད་བྱས་ཏེ། བཀའ་ཁྲིའི་མིང་དང་རྐུབ་སྟེགས་ལ་རྒྱལ་སྤྱིའི་བརྩི་མཐོང་དེ་ཚད་མཐོན་པོར་སླེབས་སོང་བསམ་གྱི་འདུག ༧གོང་ས་མཆོག་ལ་འཛམ་གླིང་གི་མི་ཚང་མས་བརྩི་མཐོང་ཞིག་ཡོད་པ་རེད། ༧གོང་ས་མཆོག་གིས་སྐུ་དབང་ཆ་ཚང་བཀའ་ཁྲིར་རྩིས་སྤྲད་ཟིན་པས། བོད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་དང་སྒོས་སུ་འགོ་ཁྲིད་དང་པོ་དེར་རྒྱལ་སྤྱིའི་ནང་བརྩི་མཐོང་ཞིག་སྤྲོད་མ་ཐུབ་ན། མ་འོངས་པའི་ལས་ཀ་ལ་ཁྱད་པར་འགྲོ་ཡི་རེད། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲད་ཚར་རྗེས། བཀའ་ཁྲི་རྒྱལ་སྤྱིའི་ནང་ལ་མང་པོ་ཕེབས་པ་རེད་ལ། རྒྱལ་སྤྱིའི་ནང་མི་སྣར་ཐུག་འཕྲད་དང་། ཆབ་སྲིད་སྐོར་གྱི་སྐད་ཆ། བརྒྱུད་ལམ་ཁག་ནས་ཡ་ལེན་བྱེད་སྟངས། ཁོང་རང་གིས་རྩོམ་ཡིག་འབྲི་བ་དེ་ཚོ་ཡག་པོ་བྱུང་ནས་སྡིངས་ཆ་ཡག་པོ་ཞིག་བསྐྲུན་སོང་བསམ་གྱི་འདུག་”ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་བརྗོད་དོན། “གཞུང་འཛིན་རྒྱུར་རྒྱལ་སྤྱིའི་ནང་བསམ་ཚུལ་བསྐྲུན་པ་གཅིག་པུ་མ་རེད། འཛིན་སྐྱོང་ཡང་ཡག་པོ་དགོས་པ་རེད། གཞུང་འཛིན་ཐུབ་མིན་དེ་འཛིན་སྐྱོང་ལ་རག་ལས་ཀྱི་རེད། རྒྱལ་སྤྱིའི་ནང་མིང་གྲགས་བྱུང་ནའང། འཛིན་སྐྱོང་ཡག་པོ་དགོས་པ་རེད། དེར་བརྟེན། ཡར་མར་ལ་ཕེབས་རྒྱུ་མང་དྲགས་ནས་འཛིན་སྐྱོང་ལ་འཐུས་ཤོར་འགྲོ་མི་སྲིད་པ་མ་རེད། འཛིན་སྐྱོང་ནང་ཉིན་ལྟར་ལས་ཀ་ཡོད་པ་རེད་ལ། རྒྱལ་སྤྱི་དང་འཛིན་སྐྱོང་གཉིས་ཀ་མཉམ་པོར་འགྲོ་ཐུབ་དགོས་པ་རེད། དེ་ནས་བཀའ་ཤག་གསར་པའི་རིང་སྔོན་དང་བསྡུར་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་འབྲེལ་བ་སོགས་ཡར་རྒྱས་སོང་འདུག་བསམ་གྱི་འདུག རྡོག་རྩ་ཆིག་སྒྲིལ་ཟེར་གྱི་ཡོད་པས། ཚང་མར་དབྱེ་བ་ཕྱེས་ན་ཆིག་སྒྲིལ་ཁག་པོ་རེད་བསམ་གྱི་འདུག དེ་བཞིན་མ་འགྲིག་པའི་ཕྱོགས་ནས་ལས་ཀ་འདི་འགྲིག་མ་སོང་ཟེར་རྒྱུ་ཁག་པོ་རེད། ད་ལྟ་བཀའ་ཤག་ནང་བཀའ་བློན་གཅིག་གཉིས་ལ་སྐད་ཡིག་གི་མ་འདང་བའི་ཞན་ཆ་ཞིག་མཐོང་གི་ཡོད། ང་ཚོའི་སྤྱི་ཚོགས་ནང་མི་དཀྱུས་མ་ཞིག་ཡིན་ནའང་། བོད་ཡིག་དང། དབྱིན་ཡིག རྒྱ་གར་སྐད་བཅས་མ་ཤེས་ན་ཉིན་རེའི་འཚོ་བར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། བཀའ་བློན་ཡིན་ན་ལྷན་ཁང་གི་འགན་ཆེན་པོ་ཡོད་པས། སྐད་ཡིག་གསུམ་མེད་ནའང། གཉིས་དགོས་ཀྱི་ཡོད་པ་རེད། ཡིག་ཆ་སོགས་ལྷན་ཁང་ཞིག་གི་ལས་ཀ་ཡག་པོ་བྱུང་མིན་གྱི་མཐའ་མའི་ཐག་ཆོད་བཀའ་བློན་གྱིས་གནང་གི་ཡོད་པས། སྐད་ཡིག་འདང་མིན་གྱིས་འཐུས་ཤོར་ཡོང་མིན་ལ་དོགས་པ་ཡོང་གི་འདུག་”ཅེས་བརྗོད་སོང་།

lhachub_jenpaརྩོམ་པ་པོ་ལྷ་ཆབ་སྦྱིན་པས། “ངས་མང་པོ་མི་ཤེས། བཀའ་ཁྲི་གསར་པ་ཕེབས་པ་ནས་བཟུང་རྒྱ་གར་ནང་གི་གྲོང་གསེབ་ཁག་མང་པོར་སྐུ་ངལ་ལ་མ་འཛེམས་པར་འཚམས་གཟིགས་སུ་ཕེབས་པ་འདི་དངོས་གནས་ཡག་པོར་མཐོང་སོང་། གཞིས་ལུས་མི་མང་གིས་གོ་ནའང་སེམས་ཤུགས་སྐྱེ་གི་རེད་བསམ། ཡང་གཅིག་བཤད་ན། ང་༢༠༡༠ ལོར་ཀ་རྡོར་སྒང་གསུམ་ལ་ཕྱིན་པའི་སྐབས་སུ། ཡུལ་དེའི་མི་མང་གིས་བཀའ་ཁྲི་གོང་མའི་ལོ་ངོ་བཅུའི་རིང་གི་དུས་ལ་འདི་ཕྱོགས་སུ་གོམ་པ་གཅིག་སྤོས་མ་མྱོང་བས་ང་ཚོར་བློ་ཕམ་ཞེ་དྲག་ཡོད་གསུང་གི་འདུག དེའི་སྟབས་ཀྱིས་རང་གི་དབུ་ཁྲིད་དངོས་སུ་རང་གི་ཁྱིམ་དུ་ཕེབས་ནས་གནས་སྟངས་དང་དཀའ་ངལ་ལ་རྒྱུས་ལོན་བྱས་ནས་མི་མང་གི་སེམས་ལའང་དགའ་སྤྲོ་སྐྱེས་ངེས་རེད་བསམ་གྱི་འདུག དེའི་སྟབས་ཀྱིས་ད་ལྟའི་བཀའ་ཤག་གསར་པ་དང་ལྷག་དོན་བཀའ་ཁྲི་གསར་པ་འདི་རྒྱལ་ཁབ་ཅིག་གི་དབུ་ཁྲིད་ངོ་མ་དེའི་མཐུན་རྐྱེན་འཛོམས་འདུག་བསམ་བྱུང་”ཞེས་བརྗོད་སོང་།

lobsang_wanggyalབོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས། “ང་རང་སྒེར་གྱི་ངོས་ནས་བཀའ་ཤག་གསར་པའི་ལོ་གཅིག་རིང་གི་ལས་དོན་བྱེད་ཕྱོགས་ལ་ཕྱིར་མིག་ཅིག་བལྟས་ཡོང་དུས། གང་ལ་གང་མཚམ་གྱིས་ལས་ཀ་ཡག་པོ་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། རྩ་བས་ལོ་བཞི་ལྷག་གི་ལས་ཀའི་དུས་ཡུན་ལྷག་ཡོད་རེད། གལ་ཆེ་ཤོས་དེ་བོད་དོན་འཐབ་རྩོད་བྱེད་དགོས་པ་དེ་རེད། དེར་བརྟེན། བཀའ་ཤག་གསར་པས་རྒྱལ་སྤྱིའི་སྒང་ལ་བོད་དོན་དྲིལ་བསྒྲགས་བྱེད་ཕྱོགས་དང་། བོད་དོན་རྒྱབ་སྐྱོར་འཚོལ་ཕྱོགས་སོགས་སྔོན་དང་མི་འདྲ་བར་ཡར་རྒྱས་ཤུགས་ཆེན་པོ་བཏང་སོང་བསམ་གྱི་ཡོད། དེ་ནང་བཞིན་ཁོང་རང་ནམ་རྒྱུན་རྒྱ་གར་དང་འབྲེལ་བ་ཡག་པོ་ཡོད་པའི་ཐོག་ནས། རྒྱ་གར་གཞུང་གིས་བོད་མི་ཚོར་གཟིགས་ཕྱོགས་དེ་ཡང་མི་འདྲ་བ་ཞིག་བྱུང་སོང་བསམ་གྱི་ཡོད། གང་ཡིན་ཟེར་ན། ཉེ་ཆར་བཀའ་བློན་ཁྲི་པ་ཀར་ཎ་ཊ་ཀར་ཕེབས་དུས་མངའ་སྡེ་གཞུང་རང་གི་ངོས་ནས་སྲུང་སྐྱོབ་དང་ཕེབས་བསུའི་སྣེ་ལེན་བྱས་ཡོད་རེད་ལ། དེ་ནང་བཞིན་ས་གནས་ཁག་གཞན་པར་ཕེབས་སྐབས་ཀྱང་རྒྱ་གར་གཞུང་གི་ངོས་ནས་སྲུང་སྐྱོབ་དང་སྣེ་ལེན་གཟབ་རྒྱས་བྱེད་ཀྱི་ཡོད་རེད། ཁོང་རང་ཡིན་ན་ཡང་རྒྱ་གར་གཞུང་དང་མཉམ་དུ་འབྲེལ་བ་བྱས་ཏེ་ལས་ཀའི་ནུས་པ་ཤུགས་ཆེན་པོ་ཐོན་གྱི་ཡོད་རེད། ཉེ་ཆར་ཁོ་རང་གིས་བོད་མི་སྐྱབས་བཅོལ་བ་ཚོའི་གནས་སྟངས་དང། རྒྱ་གར་གྱི་ཁྲིམས་དང་ལོ་རྒྱུས་ཚང་མ་ཤེས་པའི་ཐོག་ནས་རྒྱ་གར་གཞུང་ལ་སྙན་སེང་ཞུས་ཡོང་དུས། རྒྱ་གར་གཞུང་གིས་ལོ་༢༠ སོང་བའི་བོད་མིའི་སྐྱབས་བཅོལ་ལག་ཁྱེར་གྱི་རིགས་ལོ་ལྔའི་རིང་དུས་འགྱངས་བྱེད་ཐུབ་པ་བྱུང་ཡོད་རེད། རྩ་བས་སྔོན་མ་ནས་ལས་དོན་དེ་སྙན་སེང་ཞུས་ཡོད་ས་རེད། ཡིན་ན་ཡང་ཁོ་རང་གིས་ལག་ལེན་དངོས་སུ་བསྟར་བ་དེ་ཚོའི་ཐོག་ནས་བལྟས་ཡོང་དུས། རྒྱ་གར་གཞུང་དང་ཡང་འབྲེལ་བ་སྔར་དང་མི་འདྲ་བ་ཞིག་བྱུང་ཡོད་པ་གསལ་པོ་རེད། དེ་ནང་བཞིན་གཏན་ཉིན་སློབ་གྲྭ་ཁག་བོད་གཞུང་གིས་རྩིས་ལེན་རྒྱུ་བྱས་པ་དེ་ཡང་ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་ལས་ཀ་ཡག་པོ་ཞིག་རེད་བསམ་གྱི་ཡོད། ད་ལྟའི་ཆར་ཁོང་རང་གི་བཀའ་ཁྲི་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་ཀྱི་ལས་ཁུར་བཞེས་ཀྱི་ཡོད་རེད། དེར་བརྟེན། ལས་ཀ་མང་པོ་ཡོད་དུས་སྐབས་རེར་དུས་ཚོད་ཀྱིས་འདང་གི་མེད་ན་མ་འོངས་པར་ཤེས་རིག་བཀའ་བློན་ཞིག་ཟུར་དུ་བསྐོ་རོགས་གནང་ཞུ་རྒྱུ་ཡིན་”ཞེས་བརྗོད་སོང་།

jamshiདྷ་སའི་མེག་གྷན་ཁྲོམ་ལམ་དུ་ཁྲོམ་སྟོན་མཁན་འཇམ་ཤེས་ཀྱིས། “རྩ་བས་ང་ཚོ་ལ་མཐོང་རྒྱ་ཐོས་རྒྱ་མང་པོ་ཡོད་པ་མ་རེད། ཡིན་ན་ཡང་བརྒྱུད་ལམ་ཁག་དང་མི་མང་གི་སྲང་ལམ་བར་གྱི་སྐད་ཆ་ལ་ཉན་པ་ཡིན་ན། ད་ལྟའི་བར་བཀའ་བློན་ཁྲི་པས་གཞུང་གི་ལས་དོན་བྱེད་ཕྱོགས་ཚང་མ་ཡག་པོ་བྱུང་སོང་བསམ་གྱི་ཡོད། རྒྱལ་སྤྱིའི་ཐོག་ལ་བོད་དོན་ཁྱབ་བསྒྲགས་བྱེད་ཕྱོགས་དང། གཞིས་ཆགས་ཁག་གི་ནང་བོད་མིའི་གནས་སྟངས་ལ་གཟིགས་རྟོགས་སུ་ཕེབས་པ་ཚང་མ་དཔེ་ཡག་པོ་བྱུང་སོང་། མ་འོངས་པ་ཡིན་ན་ཡང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་རྒྱུན་འཁྱོངས་གནང་རོགས་ཞུ་རྒྱུ་ཡིན་”ཞེས་བརྗོད་སོང་།།
༢༠༡༢ ལོའི་ཕྱི་ཟླ་༨ ཚེས་༨ ཉིན་གྱི་བོད་ཀྱི་བང་ཆེན་གསར་ཤོག་ཐོག་བཀོད།

ཁྱེད་ཀྱིས་གཟིགས་མེད་སྲིད།