སྤེལ་རྗམ་ནང་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ལས་འགུལ།

2012_8_8bསྤར་སིལ་བོད་ཀྱི་དོན་གཅོད་ཁང་གི་གོ་སྒྲིག་འོག བཀའ་ཁྲིའི་དམ་འབུལ་བྱས་ཏེ། ལོ་གཅིག་འཁོར་བ་དང་སྟབས་བསྟུན། རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་བོད་དོན་ལས་འགུལ་སྤེལ་འདུག

དེ་ཡང་ས་གནས་ནས་ས་དཀར་བཀྲ་ཤིས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཕྱི་ཟླ་༨ པའི་ཚེས་༨ ཉིན་གྱི་དགོང་དྲོ་ཆུ་ཚོད་༥ པའི་སྟེང་།  སྤར་སིལ་བོད་ཀྱི་དོན་གཅོད་ཁང་གི་གོ་སྒྲིག་དང་། སྤེལ་རྗམ་བོད་རིགས་ཚོགས་པའི་གཙོ་འགན་ཁུར་བའི་འོག ས་གནས་གཞོན་ནུ་དང་། ས་གནས་ཆུ་སྒང་། སྤེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་བཅས་མཉམ་རུབ་ཀྱིས་བཀའ་ཁྲི་བློ་བཟང་སེང་གེས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་བཀའ་ཁྲིའི་ལས་ཁུར་དམ་འབུལ་ཞུས་ཏེ་ལོ་འཁོར་གཅིག་ཧྲིལ་པོ་འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་སྲུང་བརྩི་དང་། 2012_8_8ལྷག་པར་ཏུ་བོད་དོན་ཆེད་རང་ལུས་མེ་རུ་བསྒྲོན་པའི་དཔའ་བོ་དཔའ་མོ་ཚོ་གཙོས་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་བོད་མི་ཚོའི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་གྱི་་ལས་འགུལ་ཞིག་སྤེལ་རྗམ་བོད་རིགས་འདུས་སྡོད་ཆེ་ཤོས་ཀྱི་གྲོང་ཁྱེར་ཨན་ཁྲིར་ཝར་ཕན་ཏུ་སྤེལ་ཡོད་ལ། ཐོག་མར་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་རྒྱལ་ཁང་རི་མོའི་སྒྱུ་རྩལ་འགྲེམས་སྟོན་ཁང་(Koninklijk Museum Voor Schone Kunsten)གི་མདུན་ཐང་དུ་འདུ་འཛོམས་ཀྱིས་ཆུ་ཚོད་གཅིག་རིང་བདེན་ཚིགས་སྨོན་ལམ་གྱེར་ཏེ་ཞི་བའི་ངང་Groenplaats ཕྱོགས་སུ་གོམ་བགྲོད་ཀྱིས་བསྐྱོད་པ་དང་། གོམ་བགྲོད་སྐབས་ལས་འགུལ་དང་འབྲེལ་བའི་ཡིག་ཆ་ཨིན་ཡིག་དང་ནེ་ལྡར་ལན་ཊིའི་སྐད་ནང་བཀོད་ཡོད་པ་གཅིག་སྟོང་ཙམ་མི་མང་ལ་བཀྲམ།  Groenplaats ས་གནས་སུ་ཡོད་པའི་ཡེ་ཤུ་ལྷ་ཁང་མདུན་ཐང་དུ་འབྱོར་རྗེས་རང་ལུས་མེར་བསྲེགས་པའི་རྒྱལ་གཅེས་བ་ཚོའི་སྐུ་པར་མདུན་དུ་མཆོད་མེ་ཞལ་ཕྱེ་གནང་བ་དང་མྱ་ངན་གུས་འདུན་གྱི་ངག་བཅད་ཞུས། དོན་གཅོད་ལས་བྱེད་ཀརྨ་ཆོས་དབྱིངས་ལགས་ཀྱིས་མཛད་རིམ་ངོ་སྤྲོད་གནང་བ་ལྟར། སྤེལ་རྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་དང་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་བསྟན་པ་གཉིས་ཀྱིས་མི་མང་ལ་གཏམ་བཤད་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསམ་གཞིགས་ཀྱིས་བོད་མི་ཚོ་ལས་འགུལ་སྤེལ་ཏུ་ངེས་པར་ཡོང་དགོས་པ་དང་།  འཆར་ཟླའི་ནང་བདེན་པའི་མེ་ལྕེའི་ལས་འགུལ་གྱིས་མཚོན་མ་འོངས་བའི་ལས་འགུལ་རབ་དང་རིམ་པར་མི་མང་གིས་རྒྱབ་སྐྱོར་དང་འཛུལ་ཞུགས་གནང་དགོས་བའི་རེ་སྐུལ་གནང་།

སྦར་སིལ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ཡིས་བཀའ་ཤག་སྐབས་༡༤ པའི་ལས་དོན་ཁག་ངོ་སྤྲོད་སྐབས་བཀའ་ཤག་གསར་པའི་བོད་དོན་དྲིལ་བསྒྲགས་དང་།  ལས་བྱེད་གནས་སྤོ།  བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཡར་རྒྱས་གཏོང་བ་སོགས་ལས་གཞི་ཁག་མི་མང་ལ་གསལ་བཤད་དང་སྤྲགས།  ཕྱི་རྒྱལ་ལུང་བར་གནས་བའི་བོད་མི་ཚོས་རང་དོན་ལྟོ་གོས་ཁོ་ནའི་ནང་མ་ཟགས་པར་བོད་ནང་གི་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་ཚོའི་འབོད་སྒྲ་འཛམ་གླིང་ལ་སྒྲགས་དགོས་བ་དང་། ཁོ་ཚོའི་ཆེད་དུ་སྨོན་ལམ་གསུངས་དགོས་རྒྱུ་གལ་ཆེན་ཡིན་པ་ཅེས་བརྗོད།  དེའི་རྗེས་སྤེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་གི་སློབ་མ་རྣམས་ཀྱིས་རྒྱལ་གཅེས་གླུ་དབྱངས་འབུལ་ལམ་ཞུས་རྗེས་ཆུ་ཚོད་གཉིས་རིང་སྨོན་ལམ་གསུང་འདོན་གྱིས་བཞུགས་པ་དང་། མཐར་སྤེལ་རྗམ་བོད་རིགས་ཚོགས་པའི་དྲུང་ཆེ་ལྷག་པ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་དང་སྤྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།