གདན་ས་རྣམ་གྲོལ་གླིང་དུ་དགེ་རྒན་ཟབ་སྦྱོང་།
ཟླ་འདིའི་ཕྱི་ཚེས་༡༦ ཉིན་གདན་ས་ཐེག་མཆོག་རྣམ་གྲོལ་གླིང་དུ་དགེ་རྒན་ཟབ་སྦྱོང་ཞིག་འགོ་འཛུགས་གནང་བ་དང་། ཟབ་སྦྱོང་དེ་ཉིན་བཞིའི་རིང་འཚོག་རྒྱུ་དང་། དེ་རྗེས་ཕྱི་ཟླ་༩ ཚེས་༡༦ ནས་ཟབ་སྦྱོང་ཐེངས་གཉིས་པ་ཞིག་འཚོག་འཆར་ཡོད་པ་རེད།
དེ་ཡང་འཆམ་ར་དྲི་མེད་ཀྱིས་ས་གནས་ནས་གནས་ཚུལ་བཏང་བ་ལྟར་ན། འདི་ཟླའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པའི་སྟེང་། རྒྱ་གར་ལྷོ་ཕྱོགས་གདན་ས་རྣམ་གྲོལ་གླིང་དུ་གདན་ས་དེ་ནས་སློབ་མཐར་ཕྱིན་པའི་དགེ་རྒན་ཚོར་དགེ་རྒན་གྱི་ཟབ་སྦྱོང་ཞིག་སྤྲོད་འགོ་བརྩམས་སོང་ལ། ཟབ་སྦྱོང་དེའི་མཛད་སྒོའི་ཐོག་གདན་ཞུས་སྐུ་འགྲོན་གཙོ་བོ་བཀའ་ཟུར་ཚེ་རིང་ཕུན་ཚོགས་དང་། ཟབ་སྦྱོང་སྤྲོད་མཁན་ས་རྭ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་གཉིས་ཀྱིས་མར་མེ་ཞལ་འབྱེད་གནང་རྗེས། རྣམ་གླིང་སྤྱི་ཁྱབ་དྲུང་ཆེ་པདྨས་མཛད་སྒོའི་ངོ་སྤྲོད་དང་འབྲེལ་ལས་རིམ་སྒྲོགས་སྦྱང་གནང་སོང་། མཛད་སྒོ་དེའི་སྟེང་བདེ་སྐྱིད་སླར་གསོའི་གཞིས་འགོའི་སྐུ་ཚབ་དང་། ཕྱོགས་འདིའི་གདན་ས་སེ་ར་བྱེས་སྨད་གཉིས་དང་བཀྲ་ཤིས་ལྷུན་པོ། བཀའ་བརྒྱུད་དང་། ས་སྐྱ་དགོན་པ་སོགས་ཀྱི་སྐུ་ཚབ་བཅས་ཕེབས་འདུག ཟབ་སྦྱོང་བ་ལ་གདན་ས་འདིའི་དགེ་འདུན་པ་དང་བཙུན་པའི་དགེ་རྒན་བཅས་སྡོམ་ཉིས་བརྒྱ་ལྷག་ཙམ་ཕེབས་འདུག
དེ་ནས་རྣམ་གླིང་མཐོ་སློབ་ཆེན་མོའི་བཤད་གྲྭའི་ཚོགས་གཙོ་མཁན་པོ་ཚེ་རིང་རྡོ་རྗེས། སྐུ་མགྲོན་ཁག་ལ་སྣེ་ལེན་གྱི་གསུང་བཤད་གནང་བ་དང་། ཟབ་སྦྱོང་འདིའི་བརྒྱུད་རིམ་མམ། དགོས་དམིགས་སོགས་གསུངས་སོང་། ཁང་གིས་ད་ཐེངས་ཀྱི་ཟབ་སྦྱོང་འདི་ནི་༧གོང་ས་རྒྱལ་བའི་དབང་པོ་གང་གི་ཐུགས་བཞེད་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་བཅས་པའི་ཆོས་ཚོགས་ཚོགས་ཐེངས་ཁག་གི་གྲོས་ཆོད་ཀྱི་དགོངས་དོན་ལྟར་དང་། དེ་བཞིན་༧ཞིང་གཤེགས་དམ་པ་༧སྐྱབས་རྗེ་༧གྲུབ་དབང་པད་ནོར་རིན་པོ་ཆེའི་རླབས་ཆེན་གྱི་ཐུགས་བསྐྱེད་དག་ལེགས་པར་འགྲུབ་པའི་ཆེད་དུ་དམིགས་ནས། ༧སྐྱབས་རྗེ་རིན་པོ་ཆེ་གང་གི་ཐུགས་བསྐྱེད་ལས་བྱུང་པའི་གདན་ས་འདི་ནས། རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱོགས་མཐའ་ཁག་ཏུ་ལོ་ལྟར་དགེ་རྒན་ཉིས་བརྒྱ་ལྷག་ཙམ་ཕེབས་ཀྱི་ཡོད་པ་དག ཧ་ཅང་གལ་ཆེན་ཞིག་ཡིན་པ་ལྟར་ད་རེས་འདིར་གོ་སྒྲིག་གནང་ཡོད་ཅེས་ སོགས་གསུངས་སོང་།
དེ་ནས་དགེ་བཤེས་འཇམ་དཔལ་གྲགས་པས། ངས་འདིར་ཕན་ཐོགས་ཡོད་པ་ག་ཚོད་ཕུལ་ཐུབ་མིན་མི་ཤེས་མོད། ང་སྐད་བཏང་བར་ཧ་ཅང་དགའ་བོ་བྱུང་ལ། དམིགས་བསལ་ཞིག་ལ། ང་རང་ས་ར་མཐོ་སློབ་ཏུ་གཞི་རིམ་གྱི་སློབ་ཕྲུག་ཚོ་དང་མཉམ་དུ་ལོ་ངོ་བཅུ་དྲུག་བཅུ་བདུན་ཙམ་ལ་དུས་ཚོད་བསྐྱལ་ཡིན། གདན་ས་འདིར་མཚོན་ན་ཕྱོགས་མཐའ་ཁག་མང་པོ་ཞིག་ཏུ་དགེ་རྒན་གཏོང་གི་འདུག་ལ། དགེ་རྒན་དེ་ཚོ་ནི་ཧ་ཅང་གལ་ཆེན་པོ་ཏག་ཏག་རེད། ས་ཆ་ཁག་མང་པོ་ཞིག་ལ་དགེ་རྒན་གཏོང་དུས་ས་གནས་དེ་ཚོར་དགེ་རྒན་ཚོས་སློབ་སྦྱོང་ཡག་པོ་སྤྲོད་ཐུབ་སོང་པ་ཡིན་ན། དེ་ག་ནང་བཞིན་སློབ་ཕྲུག་ཚོ་ལའང་སློབ་སྦྱོར་ཡག་པོ་འབྱོར་ངེས་ཡིན་སྐོར་སོགས་གསུངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཚེ་རིང་ཕུན་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རླབས་ཆེན་གྱི་དགོངས་བཞེད་ཅིག་ལ། གང་མགྱོགས་བོད་ཀྱི་བདེན་མཐའ་མ་གསལ་ཡང་། ད་ལྟ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཚོར་ནང་ཆོས་ཀྱིས་མཚོན་པའི་སློབ་སྦྱོང་ཡག་པོ་འབྱོར་སོང་ན། རྗེས་སུ་བོད་ཀྱི་བདེན་མཐའ་སེལ་དུས་ཧི་མ་ལ་ཡའི་རི་རྒྱུད་ལས་ཤེས་ཡོན་སོགས་ཕར་ལེན་ཐུབ་པའི་དགོངས་པ་ཡོད་པ་རེད། དེ་བཞིན་༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་ནི་གཞན་དང་མི་འདྲ་བའི་ཧ་ཅང་རླབས་ཆེན་གྱི་ཐུགས་བཞེད་གནང་མཁན་ཞིག་རེད། དཔེར་ན་ཐོག་མ་དགོན་པ་འདི་རྒྱག་དུས་ཧིན་སྒོར་༣༠༠ མ་རྩ་བྱས་ནས་ད་ལྟའི་བཤད་སྒྲུབ་གཉིས་ལྡན་འདི་བསྐྲུན་གནང་བ་རེད། དེ་བཞིན་ཁོང་གི་དགོངས་པ་རྣམས་འགྲུབ་པའི་ཆེད་དུ་ད་ལྟའི་ཟབ་སྦྱོང་འདིའང་ཡག་པོ་ཡོང་པའི་རེ་བ་ཡོད་ལ། ཚང་མས་དེ་བཞིན་སྣང་མེད་དང་། ལོ་ལེའི་ངང་མིན་པ། གོ་སྐབས་དམ་འཛིན་དང་། ཟབ་སྦྱོང་ལེགས་གྲུབ་ཡོང་པའི་རེ་བ་དང་སྨོན་ལམ་སོགས་ཡོད་ཅེས་གསུང་གནང་སོང་།
ཟབ་སྦྱོར་འདི་སྤྲོད་ཐེངས་གཉིས་ཡོད་པ་དང་། དང་པོ་དེ་ཟླ་བ་འདིའི་ཕྱི་ཚེས་༡༦ ནས་༢༠ བར་དང་། ཕྱི་མ་དེ་འཆར་ཟླའི་ཕྱི་ཚེས་༡༦ ནས་༢༠ བར་བཅས་རེད་འདུགའཆར་ཟླའི་ཟབ་སྦྱོང་སྤྲོད་མཁན་ནི། སམ་བྷོ་ཏའི་འགན་འཛིན་ཀརྨ་ཆུང་བདག་དང་། ཤེས་རིག་ལས་ཁུངས་ཀྱི་ཚེ་རིང་བསམ་འགྲུབ་གཉིས་རེད།
བརྗོད་གཞི་ཁག་ནི། འཇམ་དཔལ་གྲགས་པས་ནང་ཆོས་དང་རིགས་ལམ་ཁྲིད་ཐབས་སྐོར་དང་། ཀརྨ་ཆུང་བདག་གིས་ཁྱོན་ཡོངས་ཀྱི་ཤེས་ཡོན་དང་ཤེས་ཡོན་ཞིབ་འཇུགདགེ་རྒན་གྱི་ལས་འགན། སློབ་གྲྭའི་འཛིན་སྐྱོང་། སློབ་ཁྲིད་ཀྱི་ཐབས་ལམ་ཤེས་ཡོན་གྱི་སྲིད་བྱུས་བཅས་ཀྱི་སྐོར་རེད་འདུག
ཚེ་རིང་བསམ་འགྲུབ་ཀྱིས་འཛིན་གྲྭའི་ནང་གི་སྟངས་འཛིན། སློབ་ཁྲིད་ཀྱི་འཆར་ཟིན། འདྲི་ཤིག་བཟོ་འགོད། ཤེས་ཡོན་སྲིད་བྱུས། དམིགས་བསལ་ཀྱི་ཤེས་ཡོན། ཆོས་དགེའི་ལས་འགན་རེད་བཅས་ཡིན་པ་རེད།།