མིག་སྒྲིབ་རྒྱལ་དཀྲོག་ལས་འགུལ་བ་མོན་གྷོར་འབྱོར་འདུག
བོད་དོན་ལས་འགུལ་བ་མིག་དམར་རམ་ཤེས་རབས་ཚེ་རྡོས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་མོ་ནས་བཟུང་ “ མིག་སྒྲིབ་རྒྱལ་དཀྲོག་”ཅེས་པའི་ལས་འགུལ་འགོ་འཛུགས་ཀྱིས་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་དེ་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཁག་༨༢ ནང་བསྐྱོད་ཟིན་པ་དང་། ཟླ་འདིའི་ཚེས་༡༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་དུ་འབྱོར་ཡོད་པ་རེད།
ཕྱི་ཚེས་༡༣ ཉིན་ནས་བཟུང་ཉིན་གསུམ་རིང་མོན་གྷོ་ས་གནས་ཀྱི་དགོན་སྡེ་གྲྭ་ཚང་ཁག་དང་གཞིས་གྲོང་ཁག དེ་བཞིན་སློབ་གྲྭ་ཁག་བཅས་སུ་ད་ལྟའི་བོད་ནང་གི་ཛ་དྲག་གི་ནས་སྟངས་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་བཅས་ཀྱི་སྐོར་ལ་མི་མང་ལ་གཏམ་བཤད་དང་ཚན་རྟགས་བསྡུ་རུབ་ཀྱིས་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
དེ་ཡང་ཕྱི་ཚེས་༡༣ ཉིན་གྱི་སྔ་དྲོ་མོན་གྷོ་གཏན་ཉིན་སློབ་གྲྭའི་དགེ་སློབ་ཡོངས་ལ་ཁོང་གིས་གཏམ་བཤད་གནང་དོན། ཕྱི་ལོ་༡༩༥༩ ནས་བཟུང་རྒྱ་ནག་དམར་པོའི་དྲག་དཔུང་གིས་བོད་ས་ཡོངས་རྫོགས་ལ་བཙན་འཛུལ་དང་ཧམ་ཟ་བྱས་ནས་བོད་ནང་དུ་བོད་མི་ཁྲི་སྟོང་མང་པོ་དམར་གསོད་དང་ཡུལ་ལུང་དང་དགོན་པ་སྟོང་ཕྲག་མང་པོ་གཏོར་བཅོམ་བཏང་བ་ལ་སོགས་པའི་ཡ་ང་བའི་གནས་སྟངས་བྱུང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ཉིས་སྟོང་བརྒྱད་ནས་བཟུང་སླར་ཡང་གནས་སྟངས་དེ་ལས་ཛ་དྲག་ཏུ་གྱུར་ཏེ་ད་བར་བོད་མི་ལྔ་བཅུ་ལ་ཉེ་བའི་བོད་བསྟན་པ་ཆབ་སྲིད་ཀྱིས་ཆེད་དུ་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད། ཁོང་ཚོའི་ཆོལ་ཁ་དང་ཆོས་ལུགས་དབྱེ་འབྱེད་མེད་པའི་ཐོག་བོད་མི་ས་ཡ་དྲུག་གི་ཆེད་དུ་རྩ་ཆེའི་སྐུ་སྲོག་བློས་བཏང་གནང་གི་ཡོད་པ་རེད་ཅེས་སོགས་གསུངས་སོང་།
ཁོང་གིས་མུ་མཐུད་ནས་གསུང་དོན། ང་རང་ཉིད་ལ་མཚོན་ན་སློབ་སྦྱང་ཚད་མཐོན་པོ་བྱེད་མྱོང་མཁན་དང་མཁས་དབང་སོགས་གང་ཡང་མིན། འཛིན་རིམ་ལྔ་པ་ལས་འགྲོ་མ་མྱོང་དེ་འདྲ་ཞིག་ཡིན། ཡིན་ནའང་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགུལ་འདི་བཞིན་སྤེལ་དེ་ས་གནས་ཁག་བརྒྱད་ཅུ་ལྷག་ལ་སོང་ཟིན་པ་དང་། འདིར་ལས་འགུལ་མཇུག་གྲུབ་རྗེས་རྒྱ་གར་ལྷོ་ཕྱོགས་ཀྱི་གྷོ་བ་གྲོང་ཁྱེར་སོགས་བརྒྱུད། ལ་དྭགས་ལ་འགྲོ་ཡི་ཡིན། མཐར་རྒྱལ་ས་ལྡི་ལི་རུ་འབྱོར་རྒྱུའི་འཆར་གཞི་ཡོད། ངས་ངོས་ནས་ལས་འགུལ་འདི་ལྟར་སྤེལ་གྱི་ཡོད་ནའང་། རང་ཉིད་ལ་འདོད་པ་ཁེངས་བ་གང་ཡང་བྱུང་མ་སོང་ལ། གལ་ཏེ་འདོད་པ་ཁེངས་བ་ཞིག་དགོས་ཚེ་བོད་ནང་གི་དཀའ་ངལ་སེལ་ཏེ་ང་ཚོ་ཚང་མ་བོད་ལ་ལོག་ཐུབ་པ་བྱུང་ན་ད་གཟོད་ངའི་རེ་འདོད་འགྲུབ་པ་ཡིན། དེ་ལྟར་མ་འགྲུབ་པ་ཡིན་ནའང་འདི་འདྲའི་ལས་འགུལ་ཆེ་ཆུང་ཅི་རིགས་སྤེལ་དགོས་བའི་རྒྱུ་མཚན་བོད་ནང་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་དུས་ནམ་ཡང་ང་ཁྱེད་ཚོ་དང་མཉམ་དུ་ཡོད་ཅེས་ར་སྤྲོད་བྱེད་ཀྱི་ཡོད་ཅེས་དང་། ངའི་སེམས་ནང་དུ་སྐད་ཆ་མང་པོ་ཡོད་མོད། ཆ་ཚང་དེ་རིང་འདི་གར་ཁ་ནས་ཐོན་ཐུབ་ཀྱི་མི་འདུག གང་ལྟར་ང་ལ་རེ་བ་གཅིག་མ་གཏོགས་མེད། གང་ཡིན་ཟེར་ན་བོད་ནང་དུ་ཡོད་པའི་ང་ཚོ་སྤུན་ཟླ་ཚོ་སེམས་ཤུགས་མ་ཆག་རོགས། ཁྱེད་ཚོའི་དཀའ་ངལ་ང་ཚོས་ཤེས་ཀྱི་ཡོད། དེར་བརྟེན་ངའི་ཚེ་སྲོག་མ་ཆད་བར་ཏུ་ལས་འགུལ་གང་ཡིན་སྤེལ་རྒྱུ་ཡིན་ལ། ང་རང་གི་མི་ཚེ་འདིའི་ཐོག་བོད་ལ་ལོག་མ་ཐུབ་ཚེ་ང་ལ་སྨོན་ལམ་གཅིག་ཡོད་པ་ནི་མ་འོངས་བར་ང་ཕ་ཡུལ་བོད་ནང་ནས་སྐྱེས་བར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད་ཅེས་སོགས་གསུངས་སོང་།
མོན་གྷོ་གསར་འགོད་པས།