རྒྱ་གར་ཉེན་རྟོག་པས་བོད་མིའི་བདེ་འཇགས་སྲུང་སྐྱོབ།
ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀའི་མངའ་སྡེའི་མེ་སོར་རྫོང་ཉེན་རྟོག་སྤྱི་ཁྱབ་དཔོན་པོ་ R. Dileep ཀྱིས་སྦེལ་ཀོབ་དང་ཧོན་སུར་ས་གནས་བོད་མི་རྣམས་ཀྱི་བདེ་འཇགས་ཐད་བརྒྱ་ཆ་བརྒྱ་ཐམ་པའི་ཉེན་སྲུང་ལྟ་རྟོགས་ཡོད་ཅེས་བརྗོད་ཡོད་པ་རེད།
དེ་ཡང་ཉེ་ཆར་འབར་མའི་ནང་པ་དང་ཁ་ཆེ། རྒྱ་གར་བྱང་ཤར་ཕྱོགས་ཀྱི་ཁ་ཆེ་དང་བྷུ་ཊུ་མི་རིགས་བཅས་ཀྱི་དབར་འཁྲུག་རྩོད་བྱུང་རྗེས། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཏུ་ཁ་ཆེའི་སྨྱུང་གནས་ཆོས་བསྒྲུབ་གྲུབ་རྗེས་ཁ་ཆེ་བ་དག་གིས་བྱང་ཤར་ཁུལ་གྱི་མི་རིགས་ལ་གདོང་ལེན་བྱ་རྒྱུ་ཡིན་པ་སོགས་ཀྱི་དཀྲོག་གཏམ་གང་སར་ཁྱབ་པ་སོགས་ལ་བརྟེན། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཁག་དུ་ཨ་སམ་ཁུལ་ནས་ཡོང་བའི་ལས་གཉེར་པ་དང་ཚོང་པ། མཐོ་རིམ་སློབ་མ་སོགས་མི་སེར་སྟོང་ཕྲག་མང་པོ་ཕྱིར་ལོག་བྱེད་བཞིན་ཡོད་པ་དང་། དེ་བཞིན་བརྒྱུད་ལམ་ཁག་ཅིག་ཏུ་བོད་ཀྱི་འདྲ་པར་བེད་སྤྱོད་ལོག་པར་བཏང་བའི་གནས་ཚུལ་བྱུང་བ་དང་། མེ་སོར་གྲོང་ཁྱེར་ནས་བོད་མི་ཞིག་ལ་སུ་ཡིན་མི་ཤེས་པའི་རྒྱ་གར་བས་གྲིས་བརྒྱབ་པའི་གློ་བུར་དོན་རྐྱེན་བྱུང་བ་བཅས་ལ་བརྟེན། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་རྣམས་ཀྱི་བདེ་འཇགས་ཐད་ལ་ཡང་སེམས་འཚབ་དང་དངངས་སྐྲག་ཆེན་པོ་སྐྱེས་བཞིན་ཡོད་པ་རེད།
ས་གནས་ཀྱི་བོད་མིའི་འགོ་ཁྲིད་དང་གནད་ཡོད་མི་སྣ་རྣམས་ཀྱིས་འབྲེལ་ཡོད་ཁ་ཆེའི་མི་ཆེན་དང་བླ་མ། ས་གནས་གཞུང་གི་དཔོན་རིགས་ཁག་བཅས་ལ་རིམ་པར་མཇལ་བཅར་ཞུས་ཏེ། བོད་མིའི་དངོས་ཡོད་གནས་ཚུལ་གསལ་བཤད་དང་། ས་གནས་ཀྱི་བདེ་འཇགས་སྐོར་ལ་གང་དགོས་ལས་རིམ་འགྲོ་བཞིན་ཡོད་པ་དང་། མེ་སོར་རྫོང་ཉེན་རྟོག་སྤྱི་ཁྱབ་དཔོན་པོ་ R. Dileep ཀྱིས་དབུ་ཁྲིད་པའི་རྫོང་ཉེན་རྟོག་སྤྱི་ཁྱབ་གཞོན་པ་དང་ས་གནས་ཉེན་རྟོག་པའི་འགོ་གཙོ་བཅས་ཕྱི་ཚེས་ ༡༧ ཉིན་སྦེལ་ཀོབ་དང་ཧོན་སུར་བོད་མིའི་གཞིས་ཆགས་སུ་ཆེད་བཅར་གྱིས། རྫོང་ཉེན་རྟོག་སྤྱི་ཁྱབ་དཔོན་པོས་བོད་མི་མང་ཚོགས་ལ་ “ཀརྣ་ཊ་ཀ་མངའ་སྡེ་དང་། མེ་སོར་རྫོང་། སྤེལ་ཀོབ་ས་གནས་ཉེན་རྟོག་པ་བཅས་རྟགས་པར་བོད་མི་དང་ལྷ་དུ་ཡོད་པ་དང་། བོད་མིའི་བདེ་འཇགས་ཐད་བརྒྱ་ཆ་བརྒྱ་ཐམ་པའི་སྲུང་སྐྱོབས་བྱེད་རྒྱུ་དང་། བོད་མིའི་བདེ་འཇགས་ཐད་འགན་ཁུར་བྱེད་རྒྱུ་ཡིན་པས་བོད་མི་ཚོས་དངང་འཚབ་དང་ཞེད་སྣང་མི་དགོས་”ཞེས་གསུངས་ཡོད་པ་དང་། དེ་བཞིན་བོད་མི་སོ་སོས་ཀྱང་རྒྱ་གར་སྐོར་སྲུང་པ་ཚོ་དང་མཉམ་ལས་བྱེད་དགོས་པ། བཅས་ཀྱི་གཏམ་བཤད་དང་ལམ་སྟོན་གནང་ཡོད་པ་རེད།
གཞན་ཡང་ཀོ་ལེ་གྷལ་དོན་ལྡན་གླིང་དུ་ཡང་ས་གནས་ཅམ་ར་ཇཱུ་ཉེན་རྟོག་སྤྱི་ཁྱབ་པས་ཀྱང་ས་གནས་བོད་མིའི་བདེ་འཇགས་ཐད་སྲུང་སྐྱོབས་འགན་ལེན་བྱ་རྒྱུ་ཡིན་པའི་གཏམ་བཤད་སྤེལ་ཡོད་འདུག
ལྷོ་ཕྱོགས་གྲོང་ཁྱེར་ཁག་གི་མི་མང་ནང་དེང་སྐབས་ཉིན་རེར་ལག་འཕྲིན་ཁ་པར་ལས་གོང་འཁོད་དོན་རྐྱེན་ཁག་དང་འབྲེལ་བའི་དཀྲོག་གཏམ་འཕྲིན་ཐུང་ཆིག་ཁྲི་བརྒལ་བ་རེ་ཁྱབ་བཞིན་ཡོད་པ་ནི་མི་མང་ལ་དངངས་སྐྲག་དང་། མི་མང་གི་བདེ་འཇགས་ལ་དཀའ་ངལ་འཕྲད་གཞིའི་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད་འདུག །
མེ་སོར་གསར་འགོད་པས།