བཀའ་ཁྲི་དང་ཁ་ཆེའི་བླ་ཆེན་མཇལ་འཕྲད།
བཀའ་བློན་ཁྲི་པ་བློ་བཟང་སེང་གེས་ཁ་ཆེའི་བླ་ཆེན་སཱ་ཡི་དི་ཡཱ་ཧཱ་བྷུ་ཁཱ་རི་ (Syed Yahya Bukhari) དང་མཇལ་འཕྲད་ཀྱིས། ཉེ་ལམ་ཁ་ཆེའི་སྤྱི་ཚོགས་ཁྲོད་བོད་མིར་མཐོང་ཚུལ་ལོག་པ་བཟོས་པའི་རྫུན་གཏམ་དེ་དག་གཞི་རྩ་མེད་པ་ཞིག་ཡིན་སྐོར་ངོ་སྤྲོད་གནང་འདུག
དེ་ཡང་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༢ ཉིན་བཀའ་ཁྲི་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི། ཇ་མཱ་མ་སི་ཇི་དི་ཆིག་སྒྲིལ་ཚོགས་པའི་(Jama Masjid United Forum) ཚོགས་གཙོ་ཁ་ཆེའི་བླ་ཆེན་སཱ་ཡི་དི་ཡཱ་ཧཱ་བྷུ་ཁཱ་རི་( Syed Yahya Bukhari)ཡི་གཟིམ་ཤག་ཏུ་བཅར་ཏེ་ཁོང་དང་མཇལ་འཕྲད་ཞུས་ཡོད་པ་དང་། སྐབས་དེར་བཀའ་ཁྲིས་བླ་ཆེན་ཁོང་དང་ཁ་ཆེའི་ཆོས་གྲོགས་ཚོར་ཁ་ཆེའི་ཆོས་ཕྱོགས་ཀྱི་དུས་ཆེན་ཧ་ཅང་རྩ་ཆེ་བ་ཨི་དིའི་(Eid) འཚམས་འདྲི་ཞུས་པ་དང་སྦྲགས། བོད་མིའི་བྱུང་རབས་ལོ་རྒྱུས་ཁྲོད་བོད་མི་ཁ་ཆེ་བ་རྣམས་ཀྱིས་བོད་མི་བྱིངས་དང་ལྷན་འཆམ་མཐུན་ངང་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ལོངས་སུ་སྤྱོད་ཐུབ་ཡོད་པ་མ་ཟད། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་མི་ཁ་ཆེ་བ་ཚོར་ཁ་ཆེའི་ལྷ་ཁང་བཞེངས་རྒྱུས་མཚོན་དམིགས་བསལ་གཟིགས་སྐྱོང་མཛད་ཡོད་སྐོར་དང་། དེང་སྐབས་སུའང་རྒྱ་གར་ནང་བོད་མི་ཁ་ཆེ་ཡོད་པ་རྣམས་ཕལ་མོ་ཆེ་ཀ་ཤི་མི་རིའི་ནང་དུ་གནས་སྡོད་བྱེད་བཞིན་ཡོད། ཁོང་ཚོས་བོད་མིའི་རིག་གཞུང་རྒྱུན་འཛིན་ཐོག་རང་གི་ཕ་མེས་ཀྱི་ཁ་ཆེའི་ཆོས་ཉམས་ལེན་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་ཡད་པ་རེད།
དེ་བཞིན་བཀའ་ཁྲིས་ཉེ་ཆར་གྱི་དཀྲོག་གཏམ་སྐོར་གསུངས་དོན། ཉེ་ལམ་ཁ་ཆེའི་སྤྱི་ཚོགས་ཁྲོད་བོད་མིར་མཐོང་ཚུལ་ལོག་པ་བཟོས་པའི་འཁྱོག་བཤད་ཀྱི་རྫུན་གཏམ་དེ་དག་གཞི་རྩ་མེད་པ་ཞིག་ཡིན་སྐོར་དང་། སྐྱེ་རྒུ་མདོར་ས་ཡོམ་བྱུང་སྐབས་ཀྱི་འདྲ་པར་ཁག་གཅིག་བླ་ཆེན་མཆོག་ལ་བསྟན་ནས། སྤྱི་ཚོགས་དཀྲོག་རྐྱེན་བཟོ་རྒྱུའི་པར་རིགས་དེ་དག་དོན་དངོས་ཕྱི་ལོ་༢༠༡༠ ལོར་བོད་མདོ་ཁམས་རྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཚབས་ཆེན་ཕོག་རྗེས། བོད་མིའི་དགེ་འདུན་པ་ཚོས་དྭངས་བླངས་ཐོག་ནས་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བའི། བོད་མི་བརྒྱ་ཕྲག་མང་པོའི་ཕུང་པོ་མཉམ་སྲེག་གི་ཞུགས་འབུལ་བྱེད་བཞིན་པའི་པར་རིགས་ཡིན་པ་ར་སྤྲོད་གསལ་པོ་གནང་ཡོད་པ་རེད།
ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་༧གོང་ས་མཆོག་གིས་ཀྱང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བྷར་མའི་མང་གཙོ་དོན་གཉེར་བ། ལྕམ་སྐུ་ཨང་སང་སུ་ཀྱི་ལ་གསུང་འཕྲིན་ཞིག་གནང་བའི་ནང་། བྷར་མའི་ནང་རོ་ཧིང་རྒྱ་(Rohingya) ཞེས་ཁ་ཆེའི་སྐྱབས་བཅོལ་བ་རྣམས་ལ་ཡུལ་མིས་དྲག་པོའི་རྒོལ་རྡུང་བཏང་བར་མགོན་པོ་གང་ཉིད་ཀྱིས་ཐུགས་འཚབ་ཧ་ཅང་མཛད་བཞིན་ཡོད་པ་བཀའ་བསྩལ་ཡོད་སྐོར་དང་། གཞན་ཡང་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་དང་། ལྡི་ལིར་རྟེན་གཞི་བྱས་པའི་བྷར་མའི་གཞུང་ཚབ་བར་མཇལ་འཕྲད་ཅིག་གྲ་སྒྲིག་ཡོད་ཀྱང་། གཞུང་ཚབ་ནས་ད་བར་དུས་ཚོད་གཏན་འབེབས་གནང་མ་ཐུབ་པའི་སྐོར་ཡང་ཞུས་ཡོད་འདུག
སྐབས་དེར་ཁ་ཆེའི་བླ་ཆེན་གྱིས་ཇ་མཱ་མ་སི་ཇི་དིའི་ལྷ་ཁང་དུ་༧གོང་ས་མཆོག་ཕྱི་ལོ་ ༢༠༡༠ ལོར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་སྐབས་བླ་ཆེན་རང་ཉིད་ཕེབས་བསུར་བཅར་ཡོད་པ་མ་ཟད། ཁོང་གིས་དུས་རྟག་ཏུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། བཀའ་ཁྲིར་མཇལ་འཕྲད་བྱུང་བ་དེར་ཁ་ཆེའི་བླ་ཆེན་མཆོག་ཧ་ཅང་དགའ་པོ་བྱུང་། སླད་ཀྱང་བོད་མི་དང་ཁ་ཆེའི་དབར་མཐུན་ལམ་བཟང་པོ་བསྐྲུན་ཆེད་མཇལ་འཕྲད་དེ་འདྲ་ཡང་ཡང་གནང་དགོས་པའི་བསམ་ཚུལ་ཡང་འདོན་སྐབས། བཀའ་ཁྲིས་ཀྱང་དེ་ལུགས་འབད་བརྩོན་གནང་རྒྱུ་ཡིན་སྐོར་ཞུས་ཏེ་མཇལ་འཕྲད་ལེགས་པར་གྲུབ་ཡོད་འདུག་ལ།
མཇལ་འཕྲད་སྐབས་ལྡི་ལིའི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། གཞན་ཡང་མཇལ་འཕྲད་སྐབས་ཁ་ཆེའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་གཉིས་ཀྱི་གསར་འགོད་པ་ཡང་བཅར་ཡོད་འདུག །