བོན་གཞིས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།
ཟླ་འདིའི་ཚེས་༢༤ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སོ་ལན་བོན་གཞིས་སུ་འབྱོར་དེ། དེར་སྐྱ་སེར་མི་མང་གིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་། བོད་དོན་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་འགོ་འཛུགས་བྱས་ཡོད་པ་རེད།
དེ་ཡང་བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས་གནས་ཚུལ་བཏང་བའི་ནང་འཁོད་དོན། ཕྱི་ལོ་༢༠༡༢ཟླ་༨ཚེས་༢༤ཉིན་རྒྱ་གར་བྱང་ཁུལ་གྱི་བདེན་པའི་མེ་ལྕེ་ཤིམ་ལ་རུ་སྐོར་བསྐྱོད་ལེགས་པར་གྲུབ་སྟེ། གོང་ཚེས་ ༢༤ ཉིན་སོ་ལན་བོན་གཞིས་ས་གནས་སུ་འབྱོར་ཡོད་པ་དང་། སྐབས་དེར་བོན་གཞིས་ས་གནས་གཞིས་འགོ་དང་། བོན་གཞིས་ས་འཐུས་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་ཚོགས་མི། གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྐུ་ཚབ། བོན་གཞིས་སྨན་རི་གྲྭ་ཚང་གི་སྐུ་ཚབ། ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ། བོད་ཀྱི་བོན་པོའི་ཚོགས་པའི་ཚོགས་གཞོན་བཅས་ཀྱི་གྲུབ་པའི་“བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་”ནས་ས་གནས་ཨོ་ཇིའི་སྒར་དུ་བདེན་པའི་མེ་ལྕེ་ཕེབས་བསུ་ཞུས་ཡོད་པ་དང་། དེ་ནས་ཤིམ་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཚོགས་ཆུང་ནས་བདེན་པའི་མེ་ལྕེ་“བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་”ལ་རྩིས་སྤྲད་གནང་ཡོད་པ་རེད།
ས་གནས་ཨོ་ཇིའི་སྒར་ནས་ཕེབས་བསུ་གནང་སྟེ་བོན་གཞིས་སུ་འབྱོར་ཡོད་པ་དང་བོན་གཞིས་སེར་སྐྱ་མང་ཚོགས་དང་ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་སོགས་མང་ཚོགས་སྟོང་ལ་ཉེ་བ་ཙམ་གྱིས་སེར་ཕྲེང་བསྒྲིགས་ཏེ་བདེན་པའི་མེ་ལྕེ་གདན་ཞུས་ཀྱིས་བོན་གཞིས་གསང་སྔགས་སྒོམ་སྒྲུབ་གླིང་དུ་བོན་གཞིས་ས་གནས་འགོ་འཛིན་ལགས་ནས་གཏམ་བཤད་སོགས་གནང་ནས། ཕྱི་ཚེས་༢༥ཉིན་ནས་ས་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་རིམ་བཞིན་སྤེལ་གྱི་ཡོད་པ་རེད། །