བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན།

ཟླ་འདིའི་ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཀྱི་གཙོ་སྐྱོང་འོག  བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༢ པའི་འགོ་འཛུགས་བྱས་ཡོད་པ་རེད།

དེ་ཡང་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་རྒྱ་གར་ཀར་ཎ་ཊ་ཀ་མངའ་སྡེའི་མཉམ་འབྲེལ་དེབ་སྐྱེལ་ལས་ཁུངས་ཀྱི་ཟུང་འབྲེལ་འགན་འཛིན་སྐུ་ཞབས་ཀིར་ཤི་ན་གྷོ་ཌ་ཡིས་མར་མེ་ཞལ་འབྱེད་དང་། ཚོགས་བཅར་བ་ཚང་མས་འཕགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་། བོད་རང་དབང་སླར་གསོའི་ཆེད་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངག་བཅད་བྱས་ཏེ་མཛད་སྒོ་དངོས་སུ་འགོ་འཛུགས་བྱས་ཡོད་པ་རེད།

སྤྱི་མཐུན་མཉམ་འབྲེལ་ཀྱི་འགན་འཛིན་བཀྲ་ཤིས་དབང་འདུས་ཀྱིས་བོད་མིའི་སྤྱི་འཐུན་མཉམ་འབྲེལ་ངོ་སྤྲོད་དང་འབྲེལ་ཚོགས་བཅར་རྣམས་ལ་འཚམས་འདྲི་གནང་བ་དང་། སྤྱི་མཐུན་མཉམ་འབྲེལ་ཀྱི་ཚོགས་གཙོ་པདྨ་བདེ་ ཀྱིས་ཚོགས་འདུ་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་སྐབས། “བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་དོན་དམིགས་བསལ་དོད་པོའི་ཐོག་ནས་དམིགས་ཚད་ལྟར་གང་ལེགས་འགྲུབ་ཡོད་ལ། རིམ་བཞིན་སྤྱི་ཚོགས་ལ་ཕན་ཐོགས་དང་དགོས་མཁོ་ཡོད་པའི་འཆར་གཞི་གསར་པ་ཁག་ཅིག་མ་འོངས་ལོ་ཤས་ནང་འཛུགས་སྐྲུན་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། དེ་བཞིན་འཛིན་སྐྱོང་ལས་བྱེད་ཀྱི་གནས་ཚད་ཀྱང་དེང་དུས་ཀྱི་ཤེས་ཡོན་ཚད་མཐོ་ཡོད་པ་གྲངས་ཚད་མཐོ་རུ་ཕྱིན་ཡོད་ཅེས་ཞུས་ན་མ་འགྲིགས་པ་མེད་ཅེས་ཞུ་འདོད་བྱུང་། མཉམ་འབྲེལ་གྱི་ལས་དོན་ཙམ་མ་ཡིན་པར། ཤེས་ཡོན་དང་འཕྲོད་བསྟེན། སྤྱི་ཚོགས་བདེ་རྩ་བཅས་ལ་ཡང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་མཉམ་འབྲེལ་ཁག་ནས་གང་ཐུབ་ཞབས་འདེགས་ཞུས་དང་ཞུ་བཞིན་པ་ཡིན། ”ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་མཉམ་འབྲེལ་རང་ཁ་རང་གསོ་ཡོང་ཐབས་དགོས་སྐོར་གསུང་དོན། “རྩ་བའི་མཉམ་འབྲེལ་གྱི་ལས་དོན་མཉམ་འབྲེལ་རང་ཉིད་དམ་ཤས་བདག་མི་མང་རང་གིས་འགན་ཁུར་བའི་ཐོག་ནས་གཞན་རྟེན་མ་དགོས་པ་ཞིག་གནང་ཐུབ་པའི་འབད་བརྩོན་ཤུགས་དྲག་ཆེན་པོ་གནང་དགོས་པ་ལས། སྐྱབས་འཇུག་ཞུ་རྒྱུའི་གོམས་གཤིས་ངན་པ་དེ་དག་མུ་མཐུད་ནས་གནས་ན་མཉམ་འབྲེལ་གྱི་ལྟ་གྲུབ་དང་མཐུན་པའི་གཞན་ལ་བསྙེས་ནས་འདུག་མི་དགོས་པ་ཡོང་ཐུབ་པ་དཀའ། དེར་བརྟེན་བོད་མིའི་མཉམ་འབྲེལ་རྣམས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་རང་ཁ་རང་གསོ་དང་རང་མི་ལས། ཉམས་ཐག་མི་མང་གི་བདེ་རྩ་ལ་ཕན་ཐོགས་ཐུབ་པའི་འབད་བརྩོན་ཤུགས་དྲག་བྱ་དགོས་པ་ང་ཚོ་ཚང་མས་སྐབས་བབས་ཀྱི་ཁུར་དུ་འཁྲིས་པའི་ལས་འགན་གལ་ཆེ་ཤོས་དེ་ཡིན་པར་བརྟེན། ཚང་མས་གཟབ་གཟབ་བྱས་ནས་མཉམ་འབྲེལ་གྱི་ཁྲིམས་ལུགས་དང་ལྟ་གྲུབ་བཞིན་མདུན་བསྐྱོད་ཐུབ་པའི་འབད་བརྩོན་བྱེད་རྒྱུའི་དམ་བཅའ་བརྟན་པོ་འཇོག་ཐུབ་པའི་ཐབས་ཤེས་བྱེད་དགོས། ”ཞེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀིར་ཤི་ན་གྷོ་ཌས་བོད་ཀྱི་མཉམ་འབྲེལ་ཀྱི་འཛིན་སྐྱོང་དང་། ལས་ཀ་བྱེད་སྟངས་དེ་ཚོ་ཡག་པོ་ཡོད་པ་དང་། མཉམ་འབྲེལ་བརྒྱུད་ནས་ཐོབ་ཐང་མང་པོ་ལེན་རྒྱུ་ཡོད་སྐོར་དང་། དེ་བཞིན་གཞོན་སྐྱེས་ཚོས་ཚོང་ལས་དང་འབྲེལ་བའི་མཉམ་ལས་བྱེད་རྒྱུར་སྐྱེད་ཀ་ཆུང་བའི་བུད་དངུལ་ལེན་རྒྱུ་དང་། ས་གནས་ཀྱི་སྟོན་ཉེས་བྱུང་བ་ཚོ་ལ་ཡང་ས་གནས་ཀྱི་མཉམ་འབྲེལ་བརྒྱུད་ནས་མངའ་སྡེ་ཡུལ་མི་སྤྱི་མཚུངས་ཀྱི་གུན་གསབ་ལེན་རྒྱུ་ཡོད་པའི་སྐོར་གསུངས་ཡོད་པ་རེད།

ཚོགས་ཆེན་མཛད་སྒོའི་ཐོག་ས་གནས་གཞིས་འགོ་དང་འབྲེལ་ཡོད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣ་དང་། མཉམ་འབྲེལ་ཁག་བཅོ་ལྔའི་འགན་ཁུར་མི་སྣ་སོགས་མི་གྲངས་ ༨༠ བརྒལ་བ་འདུ་འཛོམས་བྱུང་འདུག་པ་དང་། ཧོན་སུར་རབ་རྒྱས་གླིང་གངས་ལྗོངས་བཟོ་གྲྭའི་སྦྱིན་བདག་འཇིགས་མེད་རྣམས་རྒྱལ་ལ་སྐུ་མགྲོན་གཙོ་བོའི་ཕྱག་ནས་“བོད་མིའི་ཚོང་པའི་གཟེངས་རྟགས་༢༠༡༢” ཞེས་པ་གནང་ཡོད་པ་རེད།

ཚོགས་ཆེན་དེ་ཉིན་༣ གྱི་རིང་ལ་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུའི་བརྗོད་དོན་གཙོ་བོ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་གཙོས་པའི་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སྒྲོགས་སྦྱང་བྱ་རྒྱུ་དང་། མཉམ་འབྲེལ་གྱི་སྔར་ལོ་གྲོས་ཆོད་ཁག་ལག་བསྟར་ཇི་བྱུང་སྐོར་ལ་བསྐྱར་ཞིབ། མ་འོངས་པར་གསར་བཏོད་དང་འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་སོགས་གལ་ཆེའི་ལས་དོན་དང་འབྲེལ་བའི་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་འདུག །

མེ་སོར་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།