བློ་གླིང་གྲྭ་ཚང་གི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས།

ཟླ་འདིའི་ཚེས་༢༤ ཉིན་གྱི་དགོང་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གོ་སྒྲིག་འོག གྲྭ་ཚང་འདི་ཉིད་ལ་བཀའ་དྲིན་མཚུངས་ཟླ་བྲལ་བའི་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་རེད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་བ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་དང་། བློ་གླིང་མཁན་པོ་རྟོག་ལྡན་རིན་པོ་ཆེ། བློ་གླིང་མཁན་ཟུར་དཀོན་མཆོག་པ་སངས། གླིང་མཆོག་སྤྲུལ་རིན་པོ་ཆེ། དེ་བཞིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལབཟང་དགྲ་འདུལ།  དྷ་ས་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷ་རྡོལ།  འཛམ་གླིང་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཆོས་འཕེལ་བཟོད་པ་བཅས་གཙོས་སྐུ་མགྲོན་གཙོ་བོ་ཁག་དང་། གཞན་ཡང་གྲྭ་ཚང་འདི་ཉིད་ཀྱི་བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམ་པའི་གཙོས་གྲྭ་ཚང་གི་ལས་ཀྱི་སྣེ་མོ་བ་ཡོངས་དང་གནས་བརྟེན་བགྲེས་སོང་རྣམ་པ་བཅས་ཆེད་ཕེབས་གནང་ཡོད་པ་རེད།

ཐོག་མར་རྟེན་འབྱུང་འབྲས་སིལ་འདེགས་འབུལ་གྲུབ་རྗེས། རིམ་པའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེས་མཛད་སྒོ་དང་འབྲེལ་བའི་ དགེ་བཤེས་བློ་བཟང་བསྟན་འཛིན་གྱི་སྐོར་ལ་གསུང་དོན། དགེ་བཤེས་ལགས་ཁོ་རང་ལ་མཚོན་ན།  གྲྭ་ཚང་ནས་སློབ་གཉེར་མཐར་ཕྱིན་པ་ནས་བཟུང་གྲྭ་ཚང་འདི་ཉིད་ཀྱི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་ཡོད་པ་རེད། ཕྱི་རྒྱལ་ལ་ཆོས་ཚོགས་བཙུགས་པ་དེ་གྲྭ་ཚང་འདི་ཉིད་ཀྱི་འཚོ་བའི་མ་རྩ་ལྟ་བུ་ཆགས་ཀྱི་ཡོད་པ་རེད།  དེ་ཚོ་གྲྭ་པ་གསར་པ་ཚོ་མ་གཏོགས་རྒན་རབས་པ་ཚོའི་ཤེས་ཀྱི་ཡོད་རེད། མ་འོངས་པ་ཡིན་ན་ཡང་གཙོ་བོ་དེ་ཚན་རིག་གི་ཐོག་ཤུགས་རྒྱག་དགོས་ཀྱི་ཡོད་པ་རེད། དེ་ཚོ་༧སྐུ་མདུན་གྱི་དགོངས་གཞི་རེད་ལ། ལོ་འགའི་སྔོན་ནས་གདན་ས་གྲྭ་ཚང་ནང་ཚན་རིག་སློབ་སྦྱོང་བྱེད་དགོས་སྐོར་གསུངས་པ་རེད། གང་ལྟར་ནང་བསྟན་རིན་པོ་ཆེ་འདི་འཛམ་གླིང་འདིའི་ནང་གནས་ཐུབ་པ་དེ་སྲིད་དུ་འཛམ་གླིང་ཞི་བདེའི་མཚོན་པའི་རླབས་ཆེན་གྱི་ཕྱག་ལས་མང་པོ་གནང་བ་དེ་ལམ་སློང་ཡོང་གི་ཡོད་པ་རེད།  དེ་ཚོར་བསྔགས་བརྗོད་འོས་པ་ཞིག་རེད་ཅེས་སོགས་གསུངས་སོང་།

བློ་གླིང་མཁན་རིན་པོ་ཆེས། དགེ་བཤེས་ཁོང་གྲྭ་ཚང་ལ་ཐུན་མོང་མ་ཡིན་པའི་བཀའ་དྲིན་ཆེན་པོ་ཆགས་ཡོད་པ་རེད། རང་དོན་བློས་བཏང་ཐོག་སྤྱི་དོན་ཁུར་ལེན་དང་ལྷག་པར་གྲྭ་ཚང་འདི་ཉིད་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ལྷོད་མེད་ཞུས་པ་ཙམ་དུ་མ་ཟད། འཛམ་གླིང་ཞི་བདེ་དང་བོད་བསྟན་པ་ཆབ་སྲིད་བཅས་ཀྱི་ཆེད་དུ་རླབས་ཆེན་གྱི་ཕྱག་ལས་གནང་ཡོད་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་མཚོན་ཆེད་དུ་དེ་རིང་གཟེངས་རྟགས་འདི་ཕུལ་གྱི་ཡོད་པ་རེད། དེ་བཞིན་མ་འོངས་པར་ཡང་དགེ་བཤེས་ཁོང་གི་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱི་འགྲུབ་པའི་ཆེད་འདིར་ཕེབས་པའི་དགེ་འདུན་པ་ཡོངས་ཀྱི་ཐུགས་སྨོན་གནང་རོགས་ཞེས་སོགས་གསུངས་སོང་།

དེ་བཞིན་མཁན་ཟུར་དཀོན་མཆོག་པ་སངས་ཀྱིས་མཛད་སྒོ་དང་འབྲེལ་བའི་སྐོར་གསུང་དོན། ངས་དགེ་བཤེས་ཁོང་གི་སྐོར་ལ་ཞིབ་ཕྲ་བཤད་ དགོས་ཀྱི་མི་འདུག ཁོང་གི་མཛད་རྗེས་ཚང་མས་ཤེས་གསལ་རེད།  ཡིན་ནའང་ད་ལྟའི་བར་དུ་དགེ་བཤེས་ཀྱི་གྲྭ་ཚང་གི་དཔལ་འབྱོར་གྱི་མཚོན་པའི་ཕྱོགས་ཡོངས་ལ་ཐུགས་ཁུར་ཆེ་བཞེས་གནང་དང་གནང་མུས་ཡོད་པ་རེད་ལ།  མ་འོངས་པར་ཡང་མུ་མཐུད་ནས་བགྲེས་སོང་མ་ཆགས་པར་གནང་རོགས་ཞུ་ཡི་ཡོད་ཞེས་སོགས་གསུངས་སོང་།

སྤྱི་འཐུས་སྐལ་བཟང་དགྲ་འདུལ་གྱིས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་འབྲེལ་བའི་སྐོར་ལ་གསུང་དོན། དགེ་བཤེས་ལགས་ལ་མཚོན་ན་བོད་བསྟན་པ་ཆབ་སྲིད་ཐོག་བོད་པ་ཞིག་ལས་ལྷག་གི་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད་པ་རེད།  ལྷག་དོན་གྲྭ་ཚང་བློ་གསལ་གླིང་གི་འདས་མང་ཡོངས་ལ་ཁ་ཞེ་གཉིས་མེད་ཐོག་སྒོ་ཀུན་ནས་ཞབས་ཞུ་སྒྲུབ་མཁན་ཞིག་རེད།  དེ་བཞིན་བཞུགས་སྒར་རིག་ལམ་སློབ་གཉེར་ཁང་ལ་ཆ་བཞག་ན་ཡང་།  བཀའ་དྲིན་ཆེ་ཤོས་ཀྱི་མི་སྣ་ཞིག་ཆགས་བསྡད་ཡོད།  ཨེ་མོ་རི་གཙུག་སློབ་གཉེར་ཁང་དང་འབྲས་སྤུངས་བློ་གསལ་གླིང་གཉིས་ཀྱི་བར་ལ་ཡིག་ཆ་བཞག་ཐུབ་པ་དེ་འདྲ་ལོ་རྒྱུས་ནང་བྱུང་མ་མྱོང་བ་དེ་འདྲ་རེད། དེ་བཞིན་རིག་ལམ་སློབ་གཉེར་ཁང་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་ཀྱང་ཨེ་མོ་རི་གཙུག་ལག་སློབ་ཁང་གི་བར་ལ་ཡིག་ཆ་རིམ་པའི་འཇོག་ཐུབ་སོགས་ཀྱི་བཀའ་དྲིན་རྗེས་དྲན་དང་སྦྲགས་དུས་ཚིགས་ཁྱད་པར་ཅན་འདི་ལ་སེམས་གཏིང་གི་འཚམས་འདྲི་ཞུ་ཡི་ཡོད་ཅེས་སོགས་གསུངས་སོང་།

དེ་རྗེ་དགེ་བཤེས་ལྷ་རྡོལ་གྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་དོན།  དགེ་བཤེས་ལགས་ཀྱི་འདི་ལྟ་བུའི་རླབས་ཆེན་གྱི་ཕྱག་ལས་གནང་ཐུབ་པ་དེ་ཚེ་འདིའི་སྦྱང་སྟོབས་ཀྱི་ཡོན་ཏན་དང་སྐྱེས་སྟོབས་ཀྱི་ཤེས་རབ་གཉིས་ལ་བརྟེན་ནས་བྱུང་བ་ཡིན་གྱི་རེད་དེ། མང་པོ་ཞིག་ཚེ་སྔོན་མའི་ལས་དང་བསོད་ནམས་བསག་པའི་མཐུ་ལས་བྱུང་བ་ཞིག་ཡིན་པ་ཕལ་ཆེར་ཐེ་ཚོམ་མེད་པ་ཞིག་རེད། གཞན་ང་ཚོ་མང་པོ་ཞིག་གིས་བློས་བཏང་ཆེན་པོའི་སྒོ་ནས་སྤྱི་ཚོགས་ཞབས་ཞུ་སྒྲུབ་རྒྱུ་དེ་མ་ནུས་པ་དང་། རེ་ཟུང་གི་ནུས་ཀྱང་ལམ་འགྲོ་མ་རྒྱུག་པ་དང་། མཐུན་རྐྱེན་མ་ཚང་བ་དེ་འདྲ་ཆགས་ཀྱི་ཡོད་པ་རེད། མདོར་བསྡུས་ནས་བཤད་ན་དགེ་བཤེས་ལགས་ཡིད་ཆེས་བློ་གཏོད་བྱེད་ཆོགས་སའི་མི་སྣ་ཞིག་ཡིན་པ་དང་། གཉིས་པ་དེ་༧གོང་ས་མཆོག་གི་བཀའ་དགོངས་འགལ་མེད་སྒྲུབ་མཁན་ཞིག་ཡིན་པ་དོན་དངོས་རེད། དེ་དང་དེའི་མཚོན་པའི་ཁོང་གི་མཛད་རྗེས་མཐའ་དག་ལ་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་གསུངས་སོང་།

དགེ་བཤེས་ཆོས་འཕེལ་བཟོད་པནས་མཛད་སྒོ་དང་འབྲེལ་བའི་སྐོར་ལ་གསུང་ དོན།   ཨེ་མོ་རི་གཙུགས་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་ལ་ཧི་མ་ལ་ཡ་ཆོས་དང་རིག་གཞུང་ཚོགས་པ་དང་། ཧི་མ་ལ་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་ཐོག་མཐའ་བར་གསུམ་ལ་མཚོན་ནའང་དགེ་བཤེས་ལགས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་སོང་ཙང་།  ཚོགས་པ་གཉིས་དང་ཧི་མ་ལའི་མི་རིགས་ཡོངས་ཀྱི་ཚབ་བྱས་ནས་དུས་ཚེས་ཁྱད་པར་ཅན་འདི་ལ་སེམས་གཏིང་ནས་འཚམས་འདྲི་ཞུ།  དེ་དང་ཆབས་ཅིག་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཧི་མ་ལའི་རི་རྒྱུད་ཀྱི་མི་རིགས་ཤིག་ལ་སྐྱབས་རྗེ་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་འདི་འདྲའི་རླབས་ཆེན་གྱི་གཟེངས་རྟགས་ཤིག་ཕུལ་བ་འདི་ལ་ཡང་ངས་ལ་དག་ནས་ཧི་མ་ལའི་མི་རིགས་ཡོངས་ཀྱི་ཚབ་བྱས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་།

ཡང་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་ལ་གཟེངས་རྟགས་དེ་ལྟར་ཕུལ་དགོས་པའི་རྒྱུ་མཚན་སྐོར་ལ་བློ་གླིང་ཕྱག་མཛོད་སྐུ་བགྲེས་མཆོག་ནས་གསུང་བཤད་གནང་དོན།  བློ་གླིང་མཁན་རིན་པོ་ཆེ་མཆོག་གིས་གཙོས་སྐབས་༡༣ པའི་ཕྱག་མཛོད་ལས་ཐོག་ཐུན་མོང་ནས་གྲྭ་ཚང་འདས་མང་ཡོངས་ཀྱི་ཚབ་བྱས་ནས་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་ལ་གཟེངས་རྟགས་འདི་ཉིད་ཕུལ་དགོས་པའི་རྒྱུ་མཚན་དང་པོ་དགེ་བཤེས་མཆོག་ནས་མི་ལོ་༢༠ ལྷག་གི་བརྒྱུད་རིམ་ནང་ལོགས་སུ་དཀའ་བ་དུ་མ་ཁྱད་དུ་བསད་ནས་བོད་གངས་ཅན་གྱི་རིག་གཞུང་སྤྱི་དང་ཡང་དགོས་ནང་བསྟན་གཞུང་ལུགས་གཙོ་བོར་གྱུར་བའི་བོད་མི་རིགས་བསྟན་སྲིད་ལ་སྨན་པའི་སྲི་ཞུ་བླ་ལྷག་ཞུས་དང་ཞུ་བཞིན་ཡོད་པར་བོད་མི་ཡོངས་ཀྱི་ཚབ་བྱས་ནས་བཀའ་དྲིན་རྗེ་དྲན་དང་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དེ་བཞིན་རང་རེ་གྲྭ་ཚང་རིན་པོ་ཆེ་འདི་ཉིད་ལ་སྒོ་ཀུན་ནས་བཀའ་དྲིན་བསམ་ཡུལ་ལས་འདས་པ་བསྐྱང་དང་སྐྱོང་བཞིན་པ་དང་མ་འོངས་པར་ཡང་དགེ་བཤེས་མཆོག་གི་སྔར་བཞིན་གྲྭ་ཚང་རིན་པོ་ཆེ་འདི་ཉིད་སྐྱོང་གནང་ཡོང་བའི་རེ་འདུན་དང་རྒྱབ་སྐྱོར་མཚོན་ཆེད་བཅས་ཡིན།  མཐའ་དོན་དགེ་བཤེས་ཁོང་གི་སྐུ་ཚེ་བརྟན་པ་དང་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་མཐའ་དག་གེག་མེད་ལྷན་གྱི་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་། མཇུག་ཏུ་ཁོང་ལ་དགའ་ལྡན་ཁྲི་རིན་པོ་ཆེའི་ཕྱག་བརྒྱུད་ནས་གསེར་ཀྱི་གཟེངས་རྟགས་དང་ཆེ་བསྟོད་ལག་ཁྱེར་ཞིག་ཀྱང་འབུལ་བཞེས་གནང་སོང་ལ།  དེ་དང་ཆབ་གཅིག་ཁོང་གི་སྒེར་གཉེར་དྲྭ་རྒྱ་ཞིག་ཀྱང་ཁྲི་རིན་པོ་ཆེས་དབུ་འབྱེད་གནང་སོང་།

དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ནི་༡༩༦༠ ལོར་རྒྱ་གར་བྱང་ཕྱོགས་ཧི་མ་ལའི་རི་རྒྱུད་ཁུ་ནུ་རིབ་པ་སྤྲུལ་པའི་ལྷ་ཁང་གི་ཉེ་འདབས་སུ་ཡབ་བློ་བཟང་ནོར་བུ་དང་ཡུམ་བདེ་བ་མུ་ནི་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  གཞི་རིམ་དང་འབྲིང་རིམ་སློབ་གྲྭ་སོགས་ལ་རིམ་པར་ཕེབས། རིམ་པའི་༧གོང་ས་མཆོག་གིས་གཟིགས་སྐྱོང་འོག་རིགས་ལམ་སློབ་གཉེར་ཁང་དུ་ལོ་མང་རིང་སློབ་གཉེར་གནང་ །  ༡༩༨༥ ལོར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་གསན་བསམ་མཐར་ཕྱིན་པ་མཛད་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དེ་རྗེས་ཨ་རིར་རྟེན་གཞི་བྱས་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ནུབ་ཕྱོགས་སྲོལ་རྒྱུན་རིག་གནས་ལ་སྦྱང་བརྩོན་གནང་ནས་༡༩༩༩་ལོར་འབུམ་རམས་པའི་མཚན་གནས་ཐོབ་ནས་ད་ལྟ་ཨེ་མོ་རི་སློབ་གཉེར་ཁང་དུ་སློབ་དཔོན་གྱི་ལས་འཁུར་ཞུ་བཞིན་ཡོད་འདུག

མོན་གྷོ་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།