ཨོ་གླིང་སི་ཌི་ནེས་རྒྱ་ནག་གཞུང་ཚབ་ལ་བོད་མིའི་ངོ་རྒོལ།

k_c3_2012_8_30ཟླ་འདིའི་ཚེས་༣༠ ཉིན་ཞོགས་ཀའི་ཆུ་ཚོད་༡༡ ཐོག་ནས་ཆུ་ཚོད་༡།༣༠ བར། ཨོ་སི་ཁྲི་ལི་ཡའི་སི་ཌི་ནེས་གྲོང་ཁྱེར་དུ་ས་གནས་བོད་ཀྱི་གཞོན་ནུའི་གོ་སྒྲིག་དང་། མཐུན་སྦྱོར་འོག་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད།

ལས་འགུལ་འདིའི་ནང་ས་གནས་བོད་མི་རྒན་གཞོན་གང་མང་ཞིག་མཉམ་ཞུགས་བྱས་ཡོད་པ་དང་། འདི་གའི་གསར་འགོད་པས། བོད་དོན་ལས་འགུལ་འདི་སྤེལ་དགོས་དོན་སྐོར་ལ་ས་གནས་བོད་ཀྱི་གཞོན་ལྷན་ཚོགས་གཙོ་མི་ཉག་བ་བརྩོན་འགྲུས་འོད་ཟེར་ལ་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། “ད་ལྟ་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་རང་དབང་མེད་པ་སོགས་ཀྱི་དཀའ་ངལ་འོག ད་ལྟ་བར་དུ་བོད་ནང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་མཁན་༥༡ བྱུང་བ་རེད། འདི་འདྲའི་ཛ་དྲག་པོ་ཞིག་བྱུང་བ་ཡིན་པས། ང་ཚོ་རང་དབང་ལུང་པར་སྡོད་པའི་བོད་མི་ཚོས་ལས་འགུལ་འདི་འདྲ་ཞིག་སྤེལ་ཏེ་ཁོང་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།

ལས་འགུལ་འདིའི་ནང་མཉམ་ཞུགས་བྱེད་མཁན་སྐོར་དྲིས་པར། ཁོང་གིས། “སྤྱིར་བཏང་ད་ཐེངས་ལས་འགུལ་གྲ་སྒྲིག་ས་གནས་གཞོན་ལྷན་གྱི་གོ་སྒྲིག་བྱས་པ་རེད་མོད། རྒྱབ་སྐྱོར་གནང་མཁན་ཨོ་སི་ཁྲི་ལི་ཡའི་བོད་རིགས་མཐུན་ཚོགས་དང་། བོད་ཀྱི་ས་གནས་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཡོད་པ་རེད་ཅེས་བརྗོད་སོང་།

k_c1_2012_8_30ལས་འགུལ་འདིའི་སྐབས་བོད་ཕྲུག་ཆུང་ཆུང་ཚོར་བོད་ནང་གི་གནས་ཚུལ་ཀློག་འདོན་བྱེད་འཇུག་དགོས་དོན་གང་ཡིན་སྐོར་དྲིས་པར། ཁོང་གིས། “བོད་ནང་ལ་དངོས་ཡོད་གནས་ཚུལ་ངོ་མ་བོད་པའི་བུ་ཕྲུག་ཆུང་ཆུང་ཚོར་ཤེས་རྟོགས་ཡོང་ཆེད་དང་ཁོང་ཚོས་ཀྱང་མ་འོངས་པར་བོད་དོན་ལས་འགུལ་འདི་ལྟ་བུར་མཉམ་ཞུགས་ཐུབ་པའི་སྤོབས་པ་ཡོང་ཐབས་སོགས་ལ་དམིགས་ནས་ཁོང་ཚོར་གོ་སྐབས་སྤྲད་པ་ཡིན་ཞེས་བརྗོད་སོང་།

ཡང་ད་ཐེངས་ལས་འགུལ་སྤེལ་སར་དམིགས་བསལ་སྐུ་མགྲོན་སོགས་གང་ཡང་མགྲོན་འབོད་བྱས་མེད་པ་དེའི་སྐོར་དྲིས་པར། ཁོང་གིས། “ད་ལྟའི་ལས་འགུལ་ནང་ལ་དམིགས་བསལ་སྐུ་མགྲོན་སུ་ཡང་གདན་འདྲེན་བྱས་མེད། འགྲོན་འབོད་བྱས་ན་ང་ཚོ་བོད་དོན་རྒྱབ་སྐྱོར་བ་མང་པོ་ཡོད་རེད་དེ། ད་ཐེངས་དམིགས་བསལ་གྱིས་ང་རང་ཚོ་བོད་མི་རང་གིས་ལས་འགུལ་སྤེལ་བ་ཞིག་ཡིན། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་སྐོར་ལ་རྩོམ་ཡིག་ཀློག་འདོན་བྱེད་བཅུག་པ་ཡིན། དེ་གལ་ཆེན་པོ་རེད་”ཅེས་འགྲེལ་བརྗོད་བྱས་སོང་།

ད་ལྟའི་ལས་འགུལ་སྤེལ་བ་འདིའི་ཐོག་ནས་གྲུབ་འབྲས་ག་ཚོད་ཐོན་ཐུབ་པའི་རེ་བ་་བྱེད་ཀྱི་ཡོད་མེད་སྐོར་ལ་དྲིས་པར། ཁོང་གིས། “ང་རང་གིས་རེ་བ་བྱས་པ་ལྟར་ན་གྲུབ་འབྲས་ཡག་པོ་ཡོང་གི་རེད་བསམ་པའི་རེ་འདུན་ཡོད། ལྷག་པར་དུ་འཛམ་གླིང་ཡོངས་ལ་ཡོད་པའི་བོད་པ་ཚོའི་ངོས་ནས་འདི་ལྟ་བའི་ལས་འགུལ་སྤེལ་དགོས་ པ་གལ་ཆེན་པོ་རེད་ལ། ཁོང་ཚོས་ཀྱང་འདི་ལྟར་སྤེལ་ཡོང་བའི་རེ་བ་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།

ས་གནས་བོད་ཀྱི་གཞོན་ལྷན་ཚོགས་གཙོ་མི་ཉག་བ་བརྩོན་འགྲུས་འོད་ཟེར་གྱིས་བོད་དོན་ལས་འགུལ་སྐོར་གསུངས་དོན། “ང་རང་ཚོ་བོད་མི་གཅིག་མེད་པ་ཆགས་པ་ཡིན་ནའང་། ཧ་ཅང་གི་བློ་ཕབ་ཡོང་གི་འདུག སྙིང་སྟོབས་བློས་གཏོང་འདི་ང་ཚོས་བཤད་མི་ཐུབ་ཞིག་རེད། བཀའ་དྲིན་གཞལ་མེད་རེད། དངོས་གནས་མཚམས་འཇོག་བྱེད་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་འདུག་དྲན་གྱི་འདུག ཤུལ་བཞུགས་རྣམས་ལ་ཞུ་རྒྱུར་ང་ཚོའི་ངོས་ནས་ཁྱེད་ཚོར་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་ཡོད་ལ། འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་ང་ཚོས་ངོས་ནས་རིས་སུ་མ་ཆད་པའི་དགོན་སྡེ་གྲྭ་ཚང་ཁག་ལ་མཆོད་འབུལ་བསྔོ་བ་སྨོན་ལམ་བྱེད་བཞིན་ཡོད། ཁོང་ཚོ་བོད་བསྟན་སྲིད་ཆེད་དུ་རང་ཉིད་བློས་བཏང་བྱེད་མཁན་ཤ་སྟག་རེད། ཁྱེད་རྣམས་ཀྱིས་ཀྱང་བློ་ཕམ་མ་གནང་རོགས་གྱིས། ང་ཚོས་ངོས་ནས་ཁྱེད་རྣམ་ལ་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་དང་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བ་དེ་སྲིད་བར་དུ་དྲང་བདེན་དང་ཞི་བའི་ཐོག་ནས་ལས་འགུལ་རྩ་བ་ཉིད་ནས་མཚམས་འཇོག་བྱེད་རྒྱུ་མིན་”ཞེས་འགྲེལ་བརྗོད་བྱས་སོང་།

ལས་འགུལ་སྐབས་སི་ཌི་ནེས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མྱི་རྒན་གྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་བྱེད་དོན། “ང་ཚོ་བོད་མི་རིགས་འདི་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཤེས་གསལ་ལྟར་གནའ་ནས་ད་བར་རང་སྐྱ་འཕེལ་ཞིང་རང་མགོ་ཐོན་པའི་རྒྱལ་ཁབ་གཙང་མ་ཞིག་རེད། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཡུལ་དུ་མནར་གཅོད་དང་ཐུབ་ཚོད་དྲག་གནོན་བྱེད་བཞིན་པ་འདི་དག་ངས་པར་དུ་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་གི་ཤེས་རྟོགས་གནང་སྟེ། ང་ཚོར་རྒྱབ་སྐྱོར་གནང་རོགས་”ཞེས་བརྗོད་སོང་།

k_c2_2012_8_30ཁོང་གིས་མུ་མཐུད་བརྗོད་དོན། “སི་ཌི་ནེས་ས་ཁུལ་གྱི་བོད་རིགས་སྤུན་ཟླ་ཚོའི་ངོས་ནས་ཀྱང་དུས་ནས་དུས་སུ་ང་ཚོའི་ལས་འགུལ་ཆེ་ཕྲ་གང་འདྲ་ཞིག་ཡིན་རུང་། མཉམ་ཞུགས་གང་ཐུབ་བྱེད་རོགས་གྱིས། ང་ཚོས་བོད་ནང་གི་སྤུན་ཟླ་ཚོས་རེ་བ་ཅི་འདྲ་ཞིག་རྒྱབ་ཡོད་པ་ཤེས་དགོས་ཀྱི་ཡོད་པ་རེད། ཁོང་ཚོས་རེ་བ་འབོད་ཚིག་གཉིས་སླེབས་བསྡད་པ་དེ་དག་ནི། ༧གོང་ས་མཆོག་བོད་ལ་གདན་འདྲེན་བྱེད་དགོས་ཟེར་བ་དང་བོད་ལ་རང་དབང་དགོས་ཟེར་བ་དེ་གཉིས་རེད། དེ་རིང་འདིར་མི་མང་པོ་ཞིག་རང་རང་གི་ལས་ཀ་ནས་དགོངས་ཞུ་བྱས་ཏེ། འདིར་སླེབས་འདུག་ལ་ལྷག་པར་དུ་སློབ་གྲྭ་མང་པོ་ཞིག་དགོངས་པ་ཞུས་ནས་སླེབས་འདུག ཐུག་རྗེས་ཆེ་ཞུ་བཞིན་ཡོད། མ་འོངས་པར་ཡང་དེ་མཚུངས་ཀྱིས་བོད་དོན་ལས་འགུལ་ལ་མཉམ་ཞུགས་བྱེད་རོགས་”ཞེས་བརྗོད་སོང་།

དེ་བཞིན་བོད་ཕྲུག་ལོ་ཆུང་མང་པོ་ཞིག་གིས་རང་རང་གིས་སེམས་ཚོར་གང་ཡོད་ཡིག་ཐོག་ལ་ཕབ་སྟེ། དེ་དག་རྒྱ་ནག་གཞུང་ཚབ་སྒོ་ནས་སྒྲོགས་སྦྱང་བྱས་པ་དང་། མཐར་བོད་རྒྱ་དབྱིན་གསུམ་གྱི་སྐད་ཐོག་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་སྐད་འབོད་སྣ་ཚོགས་བྱས་པ་དང་འབྲེལ་བདེན་ཚིག་སྨོན་ལམ་བསྐྱོར་དེ་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།

ཨོ་སི་ཁྲི་ལི་ཡའི་གྲོང་ཁྱེར་སི་ཌི་ནེས་ནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།

ཁྱེད་ཀྱིས་གཟིགས་མེད་སྲིད།