བོད་མི་ཉུང་ཤས་ཤིག་གི་ཁུངས་མེད་སྐད་ཆ་ལ་མོས་མཐུན་མེད།

lobsang_2012_9_2ཉེ་ཆར་༧གོང་ས་མཆོག་ལ་དྭགས་སུ་ཕེབས་སྟེ། མི་མང་ལ་བཀའ་སློབ་གནང་སྐབས། བོད་གཞུང་གི་མིང་བྱང་བསྒྱུར་བ་ལ་བརྟེན་ནས། གཞུང་བསྡུ་གསོག་བརྒྱབ་པ་རེད་ཟེར་མཁན་ཡོད་པ་དེར། ཁོང་ཐུགས་ཕམ་བྱུང་སྐོར་གསུངས་པར་བརྟེན།

ཟླ་འདིའི་ཚེས་༢ ཉིན་མང་གཙོའི་དུས་དྲན་ཐོག་སྲིད་སྐྱོང་བློ་བཟང་གེས་དེའི་སྐོར་གསུང་དོན། “ཉེ་ཆར་མི་ཉུང་ཤས་ཤིག་གིས་ཐ་སྙད་ཅིག་ལ་བརྟེན་ནས་བོད་གཞུང་ཡོད་པ་མ་རེད་ཅེས་བློ་ཕམ་པའི་གནས་ཚུལ་བྱུང་བ་དེ་ཐབས་སྐྱོ་པོ་ཞེ་དྲག་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། དྷ་སར་ཡོད་པའི་བོད་མིའི་སྒྲིག་འཛུགས་འདི་ལ། ཕྱི་ལོ་༡༦༤༢ ནས་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དེ་རྒྱུན་མཐུད་ཀྱི་ཡོད་པ་དང་། ཁྲིམས་མཐུན་གྱི་བདག་དབང་མུ་མཐུད་ཀྱི་ཡོད་པ་དང་། དེ་ནང་བཞིན་མི་མང་གིས་རྒྱབ་སྐྱོར་ཡོད་པར་བརྟེན། ༧གོང་ས་མཆོག་གིས་བྱིན་གྱིས་རླབས་པའི་ཐོག་ནས། རྒྱལ་སྤྱིའི་ཁྱོན་ཡོངས་ནས་ངོས་འཛིན་བྱས་དང་བྱེད་བཞིན་པ་རེད། གནས་ཚུལ་དེ་དག་ཤེས་བཞིན་དུ་ཐ་སྙད་ཅིག་ལ་འགྱུར་བ་ཕྱིན་ཡོང་དུས། གཞུང་ཡོད་མ་རེད་ཅེས་བཤད་མཁན་བྱུང་བས། ༧གོང་ས་མཆོག་ཐུགས་ཕམ་དགོས་པའི་གནས་ཚུལ་བྱུང་བ་དེ། ང་ཚོའི་ལོ་རྒྱུས་ཐོག་ནས་ཞུས་པ་ཡིན་ན་ཡང་ལེགས་པ་ཞིག་མ་རེད་ཞུ་རྒྱུ་ཡིན། ང་ཚོ་བོད་མི་ཚང་མ་རྡོག་རྩ་ཅིག་བསྒྲིལ་བྱེད་དགོས་པ་དང་། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་ལ་ཡིད་ཆེས་དང་། དད་པ། རེ་བ་བྱེད་སྟངས་ལ་བལྟས་པ་ཡིན་ན། ཉེ་བའི་ལོ་རྒྱུས་ཀྱི་ནང་ལ་བོད་མི་ཚོ་རྡོག་རྩ་ཅིག་བསྒྲིལ་གྱི་རྣམ་པ་ཆེ་ཤོས་ཤིག་རེད། དེ་ཡང་༧གོང་ས་མཆོག་གི་བཀའ་དྲིན་ཡིན་པ་ཚང་མས་ཤེས་དགོས་པ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན། དེར་བརྟེན། ༧གོང་ས་མཆོག་གིས་ཨི་ཊ་ལི་དང་ལ་དྭགས་ལ་བཀའ་སློབ་གནང་བ་དེ་ལ་ཚང་མས་ཐུགས་སྣང་གནང་རོགས་གནང་། དེ་མ་གཏོགས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་སེམས་ཤུགས་ཆག་པ་དང་། རྩ་དོན་ལ་གནོད་པའི་ཉེན་ཁ་ཡོད་པ་ཚང་མས་མཁྱེན་པ་གནང་རོགས། དེར་བརྟེན། བོད་མི་ཉུང་ཤས་ཤིག་གིས་ཁུངས་མེད་དང་འགན་མ་ཁུར་བའི་སྐད་ཆ་བཤད་པ་དེར་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་མཐའ་གཅིག་ཏུ་མོས་མཐུན་ཡོད་པ་མ་རེད་ཅེས་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་གསུངས་སོང་།

penba_2012_9_2སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དེའི་སྐོར་གསུང་དོན། “བཀའ་བློན་ཁྲི་པས་གསུངས་པ་བཞིན། འདས་པའི་ལོ་དྲུག་ཅུའི་རིང་༧གོང་ས་མཆོག་གིས་བོད་ཀྱི་རྩ་དོན་དང་མང་གཙོའི་ཆེད་དུ་སྐུ་ངལ་བསྐྱོན་བཞག་པ་དེ་ང་ཚོ་འགན་ཁུར་མཁན་དང་། མི་མང་གིས་བེད་མེད་དུ་བཏང་ན། ལས་རྒྱུ་འབྲས་ལ་འགྲོ་ཡི་མ་རེད། དུས་ཚོད་འདི་འདྲའི་ནང་༧གོང་ས་མཆོག་ཐུགས་ཕམ་ཡོང་སྟེ། མི་མང་ལ་བཀའ་སློབ་གནང་དགོས་པ་དེ་ང་ཚོ་ཐབས་སྐྱོ་པོ་ཆགས་བསྡད་ཡོད་པ་རེད། སེམས་ལ་ཚོར་བ་ཤུགས་ཆེན་པོ་ཡོད། ལ་དྭགས་སུ་༧གོང་ས་མཆོག་གིས་བཀའ་སློབ་གནང་བ་དེ་དེབ་གཟུགས་སུ་བཀོད་ནས། མི་མང་ལ་བཀྲམ་གྱི་ཡོད་པས། དེ་ཚོའི་ཐོག་ཐུགས་སྣང་ཡག་པོ་གནང་སྟེ། གནད་དོན་ག་རེ་ལ་ཐག་གཅོད་དགོས་ནའང་། སོ་སོས་རྣམ་དཔྱོད་བཏོན་ཏེ། ཐག་གཅོད་གནང་དགོས་པ་ལས། ཚོར་བ་རང་དང་བསྒྲུབ་ཐུབ་མི་ཐུབ་ཀྱི་གནས་སྟངས་ལ་མ་གཟིགས་པར་གནང་བ་དེས་བོད་པའི་ཆིག་སྒྲིལ་ལ་ཕན་པ་དང་། རྩ་དོན་ལ་ཕན་པ་ཡོད་པ་མ་རེད། ཆིག་སྒྲིལ་ལ་དོ་ཕོག་འགྲོ་བའི་འགལ་རྐྱེན་ལ། ལས་འགུལ་སྤེལ་མཁན་ཚོ་དང་། སྐད་ཆ་བཤད་མཁན་ཚོས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།

ཁྱེད་ཀྱིས་གཟིགས་མེད་སྲིད།