ལྷོ་གཞིས་ཁག་བཞིའི་མང་གཙོའི་དུས་དྲན་བསྲུང་བརྩི།
ཟླ་འདིའི་ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁག་གཉིས་དང་། དེ་བཞིན་ཧོན་སུར་རྒྱབ་རྒྱས་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་བཅས་ཀྱི་ས་གནས་བོད་མི་རྣམས་ཀྱིས་བོད་ཀྱི་མང་གཙོའི་དུས་དྲན་ཐེངས་ ༥༢ པ་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་དགུ་པ་ནས་ས་གནས་སོ་སོའི་མི་མང་འདུ་འཛོམས་བྱེད་སའི་གཞིས་སྤྱིས་རྒྱལ་བའི་ཕོ་བྲང་དང་མི་མང་ཚོགས་ཁང་བཅས་སུ་མི་མང་འདུ་འཛོམས་བྱུང་ཐོག དཀར་ཕྱོགས་སྐྱོང་བའི་ལྷ་ཚོགས་ལ་འཕྲིན་བཅོལ་དང་བསང་གསོལ་ལྷ་རྒྱལ་འཐེན། འཕགས་བོད་རྒྱལ་ཁབ་ཆེན་མོ་གཉིས་ཀྱི་རྒྱལ་གླུ་ལེན་པ་དང་། བོད་རང་དབང་སླར་གསོའི་ཆེད་རང་སྲོག་དོར་བའི་རྒྱལ་བཅེས་དཔའ་བོ་ཕོ་མོ་ཡོངས་ལ་ངག་བཅད་མྱ་ངན་གུས་འདུད་ཞུས་རྗེས། མང་གཙོའི་རོལ་གཞས་གཏོང་བ་དང་། འབྲེལ་ཡོད་མི་སྣས་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་བྱས། མང་གཙོའི་དུས་དྲན་དང་འབྲེལ་བའི་གཏམ་བཤད་སོགས་སྤེལ་ཡོད་པ་རེད། མེ་སོར་གསར་འགོད་པས།