ཁྱེད་ལ་རོལ་དབྱངས་ཀྱིས་མྱ་ངན་ཞུ་ཞེས་པའི་དགོང་ཚོགས།
ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་དགོང་དྲོར་<<ཁྱེད་ལ་རོལ་དབྱངས་ཀྱིས་མྱ་ངན་ཞུ་>>ཞེས་པའི་དགོང་ཚོགས་ཤིག་འཚོགས་ཏེ། བོད་མི་རིགས་ཀྱི་བསྟན་པ་དང་ཆབ་སྲིད་ཀྱི་ཆེད་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ། གཞས་དང་སྙན་ངག་གི་ལམ་ནས་མྱ་ངན་གུས་འདུད་ཞུས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་༧ པའི་སྟེང་། ན་གཞོན་ལས་འགུལ་བ་ཀུན་ཁྱབ་དཔལ་བཟང་དང་མགོན་པོ་རྒྱལ་གཉིས་ཀྱི་གོ་སྒྲིག་འོག བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་དུ། བོད་མི་རིགས་ཀྱི་བསྟན་པ་དང་ཆབ་སྲིད་ཀྱི་ཆེད་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ། མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་མཚོན་སླད། <<་ཁྱེད་ལ་རོལ་དབྱངས་ཀྱིས་མྱ་ངན་ཞུ་>>ཞེས་པའི་དགོང་ཚོགས་ཤིག་འཚོགས་སོང་ལ། དགོང་ཚོགས་ཀྱི་སྟེང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། གཞན་ཡང་ཚོགས་པ་ཁག་གི་སྐུ་ཚབ་དང་། བོད་དོན་རྒྱབ་སྐོར་བ། དེ་བཞིན་དྷ་སའི་ཉེ་འཁོར་གྱི་བོད་མི་༧༠༠ ལྷག་མཉམ་འཛོམས་བྱས་ཏེ། ཐོག་མར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་སྣང་གསལ་མེར་མེའི་ཞལ་འབྱེད་གནང་སྟེ་དབུ་འཛུགས་བྱས་སོང་།
དགོང་ཚོགས་དངོས་གཞིའི་སྟེང་གཞས་པ་དང་སྙན་ངག་པ་༡༦ གིས་བོད་དོན་དང་འབྲེལ་བའི་གཞས་དང་སྙན་ངག་གི་སྒྱུ་རྩལ་ལམ་ནས་སོ་སོའི་ཚོར་བ་ཕྱིར་འདོན་གྱིས། འདས་པོ་ཚོར་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་ཤུགས་ཆེན་པོ་བསྟན་སོང་།
ལས་འགུལ་གོ་སྒྲིག་པ་མགོན་པོ་རྒྱལ་གྱིས་ལས་འགུལ་དེ་གོ་སྒྲིག་བྱས་དགོས་པའི་དམིགས་ཡུལ་སྐོར་བརྗོད་དོན། ང་ཚོའི་དགོང་ཚོགས་འདི་ནི་སྤྲོ་སྐྱིད་ཀྱི་རྣམ་པ་ལྟ་བུ་མ་ཡིན་པར་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཉིན་མ་ནས་ཉི་མར་འཚབ་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་འོག བོད་མི་རིགས་དང་རྩ་དོན་གྱི་ཆེད་བོད་མི་༥༠ ལྷག་གིས་རང་སྲོག་མེ་རུ་ཕུལ་ཡོད་པས། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ལས་འགུལ་གྱི་རྣམ་པ་འདྲ་མིན་གྱི་ཐོག་ནས། འདས་པོ་ཚོར་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་དགོས་ཀྱི་ཡོད་པར་བརྟེན་ལས་འགུལ་འདི་གོ་སྒྲིག་བྱས་པ་ཡིན་ཞེས་བརྗོད་སོང་།
འདི་གའི་གསར་འགོད་པས་ཐེངས་འདིའི་ལས་འགུལ་གོ་སྒྲིག་པ་ཀུན་ཁྱབ་དཔལ་བཟང་ལ་དགོང་ཚོགས་འདི་བརྒྱུད་ནས་དངུལ་གང་འཚམ་ཞིག་བྱུང་ཡོད་རྒྱུ་རེད། དེར་བརྟེན། མ་འོངས་པར་ཁྱེད་རང་གཉིས་ཀྱིས་དངུལ་དེ་དག་ཅི་ཞིག་གི་ཆེད་འགྲོ་སོང་གཏོང་རྩིས་ཡོད་ཅེས་དྲིས་པར། ཁོང་གིས་རྩ་བས་དངུལ་གང་འཚམ་ཞིག་རག་སོང་། ཡིན་ན་ཡང་ལས་འགུལ་འདི་ངེད་གཉིས་མི་གཉིས་ཀྱིས་གོ་སྒྲིག་བྱས་པ་རེད། འགྲོ་སོང་ཡང་མང་པོ་ཡོད་རེད། ལས་འགུལ་འདི་འཚོག་ས་དང་། འཛིན་བྱང་། དེ་ནང་བཞིན་ཁྱབ་བསྒྲགས་དང་། གཞས་གཏོང་མཁན། མདོ་འཛིན་པ་གཙོས་པའི་རོགས་པ་བྱེད་མཁན་ཚང་མར་གླ་ཆ་མི་ཉུང་བ་སྤྲད་ཡོད། ལྷག་པར་དུ་གཞས་གཏོང་ཚོ་ཡིན་ན་དེ་སྔ་དེ་འདྲའི་གླ་ཆ་སྤྲད་མྱོང་མེད་པ་ཞིག་སྤྲད་ཡོད།
ད་དུང་དངུལ་ཏོག་ཙམ་ལྷག་ཡོད། དེ་གང་དུ་གཏོང་རྩིས་ཡོད་ཟེར་ན། བོད་མི་རིགས་དང་རྩ་དོན་གྱི་ཆེད་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བསྔོ་སྨོན་དང་། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཆེད་མཆོད་མེ་སྟོང་མཆོད་ཅིག་འབུལ་རྒྱུ་དང་། དེ་ནང་བཞིན་མ་འོངས་པར་དྷ་སར་མར་མེའི་ཁྲོམ་སྐོར་བྱུང་སྐབས་མཆོད་མེའི་ཞལ་འདེབས་འབུལ་རྒྱུ་ཡིན། ད་དུང་ངེད་གཉིས་ཀྱི་འཆར་གཞིར་བོད་མི་འདུས་སྡོད་ཆེ་སའི་ས་གནས་ཁག་ཏུ་དགོང་ཚོགས་འདི་ལྟ་བུ་ཞིག་འཚོག་འཆར་ཡོད་ཅེས་བརྗོད་སོང་།